སྐབས་ ༡༧ པའི་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་དང་པོ་འཚོགས་པ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༠ སྔ་དྲོ་ཆུ་ཚོད་ ༩ ཐོག བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་རྒྱུན་ལས་ལྷན་ཚོགས་ཐེངས་དང་པོ་ཚོགས་གནང་ཡོད།

དེ་ཡང་རྒྱུན་ལས་སྐབས་དང་པོར། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོ་སྐྱོང་གནང་ཐོག ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག  སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག  སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག སྤྱི་འཐུས་དགེ་བཤེས་གངས་རི་མཆོག  སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་བཅས་ཚོགས་བཅར་གནང་ཡོད་ཅིང་།

ཐོག་མར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་དོན། དེ་རིང་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་རྒྱུན་ལས་ལྷན་ཚོགས་ཐེངས་དང་པོ་ཡིན་པས་ཚོགས་མི་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་དང་། ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་ནང་ནས་ཉིན་ལྟར་ཕྱག་ལས་གནང་མཁན་སྤྱི་འཐུས་རྒྱུན་ལས་རྣམས་ཆགས་ཀྱི་ཡོད་པས་དེ་རིང་རྒྱུན་ལས་དངོས་སུ་ལྷན་ཚོགས་གནང་ཐུབ་པར་དགའ་སྤོབས་དང་སེམས་ཤུགས་སྐྱེས་འོས་པའི་གནས་སྟངས་ཆགས་ཡོད། དེ་རིང་གཟའ་ཉི་མ་ཡིན་ནའང་གྲོས་ཚོགས་གང་མགྱོགས་འཚོགས་ཐུབ་ཕྱིར་རྒྱུན་ལས་ལྷན་ཚོགས་གནང་ཡིན་པའི་སྐོར་སོགས་གསུངས་གནང་བ་དང་།

དེ་ནས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱུན་ལས་ཀྱི་ལས་དོན་གནང་ཕྱོགས་དང་ཁྲིམས་སྒྲིག་སྐོར་གསལ་བཤད་ལམ་སྟོན་གནང་སྟེ་སྤྱི་འཐུས་རྒྱུན་ལས་རྣམ་པ་སྡེ་ཚན་གསུམ་ལ་དབྱེ་བགོས་གནང་སྲོལ་བཞིན་གཤམ་གསལ་ལྟར་ལས་བགོས་བཀོད་སྒྲིག་གནང་།

           རྒྱུན་འབྲེལ་སྡེ་ཚན།

༡༽     སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག

༢༽     སྤྱི་འཐུས་དགེ་བཤེས་གངས་རི་མཆོག

   ཆབ་སྲིད་སྡེ་ཚན།

༡༽     སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག

༢༽     སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག

༣༽    སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག

༤༽    སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག

༥༽     སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག

       འཛིན་སྐྱོང་རྟོག་ཞིབ་སྡེ་ཚན།

༡༽     སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག

༢༽    སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག བཅས་ཐུགས་གཏན་འཁེལ་ཡོད་པའི་གནས་ཚུལ་དུ། །

Menu