སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག་རྣམ་གཉིས་ནས་བསུ་ན་མདའ་བཀྲ་ཤིས་གླིང་དང་། རྡོར་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་བཅས་སུ་འཚམས་གཟིགས་ལེགས་གྲུབ་བྱུང་བ།

༄༅། །སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་མཆོག་རྣམ་གཉིས་གཞུང་འབྲེལ་འཚམས་གཟིགས་ཕེབས་རྒྱུའི་ས་གནས་ཆ་བགོས་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༤ ནས་ ༢༠ བར་བསུ་ན་མདའ་བཀྲ་ཤིས་གླིང་དང་། རྡོར་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་བཅས་སུ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༤ ནས་ ༢༠ བར་བསུ་ན་མདའ་བཀྲ་ཤིས་གླིང་གཞིས་ཆགས་སུ་གཟིགས་སྐོར་དང་། དགོན་སྡེར་གནས་མཇལ།  རང་ཚོགས་དང་མཉམ་འབྲེལ། སློབ་གྲྭ་སོགས་སྡེ་ཚན་ཁག་ལ་གཟིགས་སྐོར། རྡོར་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་དགོན་སྡེ་ཁག་ལ་གནས་མཇལ་དང་། རྡོར་གླིང་གྲོང་ཁྱེར་ནང་གི་བོད་མི་འདུ་སྡོད་ཁག་གཙོས་ཁ་འཐོར་མི་རིག་དང་། སུ་ཁེ་ཡ། མ་ཎི་བྷན་ཇང་། ཅི་ཏེ་རི། གུམ། པ་ཤུ་པ་ཏི། སི་མ་ན། ལ་མེ་འདུ་ར། མེག་མ་བཅས་དང།  རྡོར་གླིང་སཾ་བྷོ་ཊ་སློབ་གྲྭ། འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་། རང་འཚོ་བཟོ་གྲྭ་བཅས་སུ་ཆེད་ཕེབས་གནང་སྟེ། བོད་མི་གནས་སྡོད་བྱེད་ས་ཡོངས་ཀྱི་གནས་སྟངས་ལ་རྒྱུས་ལོན་དང་། དགོན་སྡེ་ཁག་ ༡༡ དང་སློབ་གྲྭ་ཁག་ ༤ རྣམས་སུ་ཕེབས་སྐབས་བོད་ཀྱི་ཆོས་དང་རིག་གཞུང་ཤེས་ཡོན་གནས་བབ་བཅས་ཡར་རྒྱས་གཏོང་ཕྱོགས་སྐོར་བཀའ་བསྡུར་དང་།

ལྷག་པར་དུ་སཾ་བྷོ་ཊ་དགེ་ལས་རྣམས་ནས་རང་མི་རང་ལས་ཀྱིས་འགན་ཁུར་ཆེ་བཞེས་དགོས་སྐོར། མི་མང་འདུ་འཛོམས་སར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་དགོངས་དོན་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་ནང་གི་ཛ་དྲག་གནས་སྟངས། རྒྱལ་སྤྱིའི་ཐོག་གི་བོད་དོན་གནས་བབ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་རིམ་བཅས་ཀྱི་སྐོར་དང་། གཞན་ཡང་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་བཅས་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་གསུང་བཤད་དང་། དྲི་བ་དང་དགོངས་ཚུལ་རྣམས་ལ་གསལ་བཤད་ལན་འདེབས།

རྒྱུན་དུ་བོད་བསྟན་སྲིད་མི་རིགས་ཆེད་མི་རེ་ངོ་རེ་ནས་འགན་ཁུར་བླངས་ཏེ་དོན་མེད་དྲ་ལམ་གྱི་འཆམ་གཏམ་སོགས་ལ་མགོ་འཁོར་མི་ཉན་པའི་ལམ་སྟོན་བཅས་གནང་བ་མ་ཟད། ཁ་འཐོར་མི་ཚང་རེ་གཉིས་ཙམ་ལས་མེད་ས་རྣམས་སུའང་བཞུགས་མོལ་ལྟ་བུའི་བདེ་སྡུག་གསན་འཇོག་དང་གསལ་བཤད་ལམ་སྟོན་དགོས་རིགས་གནང་། ས་གནས་འགའ་ཤས་སུ་འཕྲོད་བསྟེན་དང་འབྲེལ་བའི་ཐོག་ད་དུང་ཡང་མི་མང་འདུ་འཛོམས་མི་ཐུབ་པའི་རིགས་འཐུས་མི་རྣམས་ཉེ་འཁོར་ས་གནས་གཞན་དུ་ཆེད་བསྐོང་གིས་ཐུག་འཕྲད་སོགས་གནང་སྟེ། དཀའ་སེལ་མཇུག་སྐྱོང་དགོས་པ་ཁག་ཟུར་འདོན་མཛད་ཡོད་པ་ལྟར་སྤྱི་འཐུས་རྒྱུན་ལས་བརྒྱུད་འབྲེལ་ཆགས་ལས་ཁུངས་སོ་སོར་འབུལ་རྒྱུ་ཡིན་པ་བཅས། །