སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་ནས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།

༄༅། ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་པདྨ་མཚོ་མཆོག་རྣམ་གཉིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་འདུ་སྡོད་ས་གནས་ཁག་ཅིག་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༦ ནས་ ༩ བར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཚེས་ ༦ ཉིན་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཕེབས་འབྱོར་མཚམས། ས་གནས་འགོ་འཛིན་དང་། ས་འཐུས་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། ས་གནས་མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། ས་གནས་སྨན་ཁང་གཉིས་ཀྱི་འགན་འཛིན། དགོན་སྡེ་ཁག་གི་སྐུ་ཚབ། སློབ་སྤྱི། བརྒྱ་དཔོན། ས་གནས་གཞོན་ནུ་དང་བུད་མེད་ཚོགས་གཙོ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག

ཕྱི་ཚེས་ ༦ ནས་ ༩ བར། ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཁོངས་སུ། ཀེམ་ཁག་ ༢༢ དང་། རྫོགས་ཆེན་དགོན་པ་དང་། བཀའ་བརྒྱུད་དགོན་པ། དར་རྒྱས་དགོན་པ། ཟེ་ཕུགས་དགོན་པ། ས་སྐྱ་དགོན་པ། སྟག་ཤམ་དགོན་པ། རྟ་རྣ་དགོན་པ། བག་ཡོད་དགོན་པ། ས་གནས་འགོ་འཛིན་ལས་ཁུངས། ས་གནས་འཐུས་ཚོགས། ས་གནས་མཉམ་འབྲེལ། རང་བདེན་ཚོགས་ཆུང་། འཕྲོད་བསྟེན་སྨན་ཁང་། སྨན་རྩིས་ཁང་། སློབ་གྲྭ། རྒན་གསོ་ཁང་། རྒས་གཅོང་མགོན་མེད་ཉམ་ཐག་བཅས་ཀྱི་གནས་སྟངས་ལ་གཟིགས་ཞིབ་དང་།

མི་མང་ཚོགས་འདུ། དེ་བཞིན་ས་གནས་མི་མང་གི་གནས་སྟངས་ལ་རྒྱུས་ལོན་བཅས་གནང་སྟེ།

ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ཐོག་མའི་འཆར་གཞི་ལྟར་ལས་དོན་ལེགས་གྲུབ་བྱུང་ནས། ཕྱི་ཚེས་ ༡༠ ཉིན་ཨོ་ཀྲིས་ (Ooty) ས་གནས་སུ་ཕེབས་ཐོན་གྱིས་འཚམས་གཟིགས་ཀྱི་ལས་རིམ་མུ་མཐུད་གནང་བཞིན་ཡོད་པ་བཅས། །

Menu