༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༨ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དགོངས་དོན་ལྟར། འོས་བསྡུ་ལས་ཁང་གི་གཙོ་སྐྱོང་འོག་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གྱི་འོས་བསྡུ་གནང་དོན་བཞིན། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐབས་བཅུ་བདུན་པའི་སྤྱི་འཐུས་ཚོགས་གཙོར་བདམས་ཐོན་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་ཚོགས་གཞོན་དུ་བདམས་ཐོན་བྱུང་སོང་།
དེ་ཡང་འོས་བསྡུ་ལས་ཁང་གི་གཙོ་སྐྱོང་འོག ཚོགས་གཙོའི་འོས་ཁོངས་ནས་འོས་ཤོག་མང་རིམ་རྩེ་བཏོགས་ཀྱིས་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་འོས་གྲངས་ ༢༣ དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་ལ་འོས་གྲངས་ ༢༢ བཅས་ཐོབ་སྟེ། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་དང་། དེ་རྗེས་མུ་མཐུད་ཚོགས་གཙོ་གཞོན་པ་འོས་འདེམས་ཀྱིས་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་ལ་འོས་གྲངས་ ༢༣ དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ལ་འོས་གྲངས་ ༡༨། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་མཆོག་ལ་འོས་གྲངས་ ༢། རྩིས་མེད་ ༢ བཅས་བྱུང་སྟེ། སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་ཚོགས་གཞོན་དུ་བདམས་ཐོན་བྱུང་བ་བཅས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་མཆོག་གིས་གསལ་བསྒྲགས་གནང་སོང་།
བདམས་ཐོན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནི། ཕྱི་ལོ་ ༡༩༧༤ ལོར་རེ་ཁེ་རུ་སྐྱེས། དེར་སློབ་ཆུང་སློབ་གྲྭར་བསྐྱོད་རྗེས། རྣ་རི་བཀྲ་ཤིས་ཆོས་གླིང་དུ་ཆོས་སྒོར་ཞུགས་ཏེ་སྔོན་འགྲོ་བསགས་སྦྱང་དང་ཆོ་ག་ཕྱག་ལེན་སོགས་ལ་སྦྱངས། ཕྱི་ལོ་ ༡༩༩༣ ལོར་༸གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུའི་སྐལ་བཟང་ཐོབ། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་ཐུགས་བསྐྱེད་ལས་བྱུང་བ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྣམ་གྲོལ་གླིང་གི་བཤད་གྲྭར་མདོ་རྒྱུད་གོང་འོག་དང་། ཆོས་འབྱུང་། རྒྱལ་རབས། རིག་གནས་བཅས་ལ་སྦྱང་བརྩོན་གང་ལེགས་བྱས་འབྲས། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་དྲུང་ནས་ “མཐའ་བྲལ་སྨྲ་བའི་དབང་ཕྱུག་” དང་། ཕར་ཕྱིན་རབ་འབྱམས་པ་ (Bachelor Degree)” ཞེས་པའི་ལག་འཁྱེར་བཀའ་དྲིན་སྩལ་ཐོབ་བྱུང་། ༸གོང་ས་མཆོག་གི་དྲུང་ནས་ “ངེས་གསང་ལེགས་བཤད་མཛོད་འཆང་ (Master of Buddhist Philosophy)” གི་ལག་འཁྱེར་ཞུ་རྒྱུའི་སྐལ་བཟང་ཐོབ། བཤད་གྲྭར་སྐྱོར་དཔོན་དང་། སློབ་དཔོན་གྱི་མཚན་གནས་རིམ་སྩལ་གྱིས་དགེ་རྒན་གྱི་སྲི་ཞུ་བསྒྲུབས། ཕྱི་ལོ་ ༢༠༠༣ ནས་ལོ་ ༣ རིང་རྣམ་གྲོལ་གླིང་གི་ཚོགས་ཆེན་དགེ་བསྐོས་གྱི་འགན་འཁུར་ཞབས་ཏོག་གང་ལེགས་ཞུས། ཕྱི་ལོ་ ༢༠༡༡ ལོར་མཁན་པོ་མངའ་གསོལ་དང་ཕྱག་འཁྱེར་ “མདོ་རྒྱུད་ངེས་དོན་བསྟན་པའི་སྣང་བྱེད་ཆེན་པོ་ (Doctorate in Buddhist Philosophy)” ལག་འཁྱེར་སྩལ་ཐོབ་བྱུང་ཡོད། ༸གོང་ས་མཆོག་དང་། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། ༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ། སྤྲུལ་སྐུ་རྡོ་རྗེ་ཚེ་རིང་རིན་པོ་ཆེ་སོགས་ཀྱི་དྲུང་ནས་དབང་ལུང་ཁྲིད་སོགས་ཞུ་རྒྱུའི་སྐལ་བཟང་ཐོབ། ཕྱི་ལོ་ ༢༠༠༦ ལོར་རྙིང་མའི་ཆོས་བརྒྱུད་ཀྱི་གྲྭ་བཙུན་སྔགས་གསུམ་ནས་རྒྱབ་སྐྱོར་གྱིས་བོད་མི་མང་སྤྱི་འཐུས་སྐབས་ ༡༤ པ་དང་། དེ་རྗེས་སྐབས་ ༡༥།༡༦ པ་བཅས་ལ་རྙིང་མའི་སྤྱི་འཐུས་སུ་འོས་འདེམས་བྱུང་། སྐབས་ ༡༥ པར་སྤྱི་འཐུས་ཚོགས་གཙོ་གཞོན་པ་དང་། སྐབས་ ༡༦ པར་སྤྱི་འཐུས་ཚོགས་གཙོར་འོས་འདེམས་གྱི་ལས་འཁུར་ཞུས། དུས་སྐབས་དེ་དག་གི་རིང་བྱང་ཨ་རི་དང་། ཡུ་རོབ། ཨེ་ཤེ་ཡ་སོགས་ཡུལ་གྲུ་དུ་མར་བཅར་ཏེ་བོད་ཀྱི་ཆོས་དང་། ཆབ་སྲིད། རིག་གཞུང་སོགས་ལ་སྨན་པའི་ཞབས་འདེགས་ལྷོད་མེད་ཞུས་དང་ཞུ་བཞིན་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།
བདམས་ཐོན་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནི། གངས་ལྗོངས་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་དགའ་ལྡན་ཕོ་བྲང་པའི་བཀྲིན་ཉག་ཅིག་ལས་བསླབ་པ་མཐར་སོན་རྗེས་དབྱིན་བོད་གཉིས་ཀྱི་ཐོག་དགེ་རྒན་འོས་སྦྱོང་དང་མཐོ་སློབ་ལེགས་ཐོན་བྱུང་།
༡༽ མི་ལོ་ ༢༦ དགེ་རྒན་གྱི་འགན་ཁུར་ཞུས་འབྲས་ཕྱི་ལོ་ ༢༠༠༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ནས་མི་ལོ་. ༢༥ མ་འོངས་བོད་ཀྱི་སོན་རྩའི་ཤེས་ཡོན་ཐོག་ཞབས་ཞུ་བསྒྲུབས་པའིགཟེངས་སྟོད་ཀྱི་བྱ་དགའ་ཐོབ།
༢༽ ༢༠༠༡ ལོར་ཨ་རིར་ (Fulbright Scholarship) ཐོག་དམིགས་བསལ་དགོས་མཁོ་ཅན་གྱི་ཤེས་ཡོན་ཆེད་ལོ་གཅིག་སློབ་བསྐྱོད་སྐབས་སློབ་སྦྱོང་གི་ཞོར་དུ་རྒྱལ་སྤྱིའི་སློབ་ཕྲུག་རྣམས་ལ་བོད་དོན་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་ཐོབ།
༣༽ དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་རྒྱུན་སྐབས་དགུ་པ་དང་བཅུ་པའིཚོགས་གཙོའི་འགན་ཁུར་ལོ་ ༦ དང་ སློབ་སྟོན་པའི་འགན་ཁུར་ཞུ་མུས།
༤༽ བོད་མི་མང་སྤྱི་འཐུས་སྐབས་བཅུ་གསུམ་པ་དང་བཅུ་བཞི། སྐབས་བཅོ་ལྔ་པ་དང་བཅུ་དྲུག་པ་བཅས་ལ་སྤྱི་འཐུས་སུ་འདེམས་ཐོན་གྱིས་སྤྱི་འཐུས་རྒྱུན་ལས་དང་གྲོས་ཚོགས་ཀྱི་ཚོགས་ཆུང་མང་པོའི་ནང་འགན་ཁུར། དེ་བཞིན་གྲོས་ཚོགས་སྔ་རྗེས་ནང་མང་ཚོགས་ཀྱི་མངོན་འདོད་དང་རེ་འདུན་འཛིན་སྐྱོང་བཀའ་ཤག་ཏུ་སྙན་སེང་གྱིས་བདེ་ སྡུག་སེལ་ཐབས། རང་ཁྲིའི་ཞུ་སྒོ་ས་བགོས་ཕྱོགས་བསྐྱོད་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་ཆད་ལུས་མེད་པར་བཅར་བསྐྱོད་ཀྱིས་བོད་ཀྱི་ཛ་དྲག་གི་གནས་སྟངས་ཞུ་གཏུགས་ཀྱི་ལས་དོན་རྣམས་རང་ནུས་གང་ཐུབ་ཞུ་རྒྱུའི་སྐལ་བཟང་ཐོབ་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། །