སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་དབུ་འབྱེད་གསུང་བཤད།

༄༅། །ད་རེས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དགུ་པ་དེའི་ནང་ལ་རྗེས་དྲན་གྲོས་ཆོད་གྲོས་འཆར་གཉིས་ཡོད། དེ་ཡང་ཨ་མདོ་རྔ་པ་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་པ་སྐུ་ཞབས་ཡོན་ཏན་ལགས་ཀྱི་བོད་བསྟན་པ་ཆབ་སྲིད་དོན་དུ་རང་ལུས་མེར་མཆོད་སྒྲོན་ནས་སྐུ་ཚེ་མ་ཟིན་པ་དང་། སྐབས་བཅུ་གཉིས་པའི་བོད་མི་མང་དགེ་ལུགས་སྤྱི་ཟུར་དམ་པ་དགའ་བྱང་དགེ་བཤེས་ལྷ་རམས་པ་བཀྲ་ཤིས་རྒྱལ་མཚན་ལགས་སྐུ་ཚེ་མ་ཟིན་པ་དེ་གཉིས་ཀྱིས་ཐོག་ལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་དང་།

ནམ་རྒྱུན་འཆར་ཅན་ང་ཚོ་གྲོས་ཚོགས་ཚོགས་པའི་སྐབས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་ཀྱང་ཕེབས་ལམ་ཡོད་པ་རེད། ད་ཐེངས་གྲོས་ཚོགས་ཚོགས་དགོས་དོན་གཙོ་བོ་དེ་ནི་ཕྱི་ལོ་ ༢༠༢༠༌༌༌༢༠༢༡ ལོའི་སྔོན་རྩིས་གཏན་འབེབས་གནང་རྒྱུ་དེ་ཆགས་ཡོད། རྩ་བའི་ང་ཚོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་བཞིན་གྲོས་ཚོགས་ཚོགས་དུས་དགུ་པ་དེ་ཕྱི་ཟླ་ ༣ ཚེས་ ༡༧ ནས་ ༢༧ བར་དུ་ལས་ཉིན་བཅུ་བསྐྱང་རྒྱུ་འཁོད་ཡོད་པ་རེད་དེ། འོན་ཀྱང་ད་ལྟའི་ཆར་འཛམ་བུ་གླིང་སྤྱི་ཡོངས་ལ་ཆེས་ཛ་དྲག་གི་ཏོག་དབྱིབས་ནད་ཡམས་ཤུགས་ཆེར་ཁྱབ་གདལ་གྱིས་གནས་སྟངས་ཛ་དྲག་ཇི་ཆེར་འགྲོ་བཞིན་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ཡང་སྒོས་ང་རང་ཚོ་གནས་ཚང་རྒྱལ་ཁབ་རྒྱ་གར་ལྟ་བུར་ཆ་མཚོན་པ་ཡིན་ན། ཉིན་རེ་བཞིན་ནད་ཡམས་ཁྱབ་འཕེལ་འགྲོ་བཞིན་པར་བརྟེན། བཅའ་ཁྲིམས་དོན་ཚན་ ༤༠ པའི་དགོངས་དོན་ལྟར་ཁ་སང་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་སྤྱི་འཐུས་རྒྱུན་ལས་ལ་གོ་བསྡུར་གྱིས་སྔོན་རྩིས་གྲོས་ཚོགས་འདི་བཞིན་ཉིན་གྲངས་གཅིག་མ་གཏོགས་འཚོགས་མི་དགོས་པའི་ཐག་གཅོད་ཞུས་ཡོད། ཐེངས་འདིའི་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་ཡིན་ནའང་རེད། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཡིན་ནའང་རེད། དགོངས་འཆར་གནང་མི་དགོས་པ་ཞིག་དང་། དེ་དེ་བཞིན་གྱིས་ང་ཚོའི་སྔོན་རྩིས་དེའང་ལས་ཁུངས་གོ་རིམ་བཞིན་དུ་བསྡོམས་འབོར་དེ་སྙན་སྒྲོན་གནང་གྲུབ་རྗེས་གཏན་འབེབས་ཞུ་རྒྱུ་དང་། མཐའ་མ་དེར་གཏོང་ལེན་ཁྲིམས་ཡིག་གཏན་འབེབས་གནང་རྒྱུ་ཞིག་མ་གཏོགས་པའི་གཞན་ལས་རིམ་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། །

 

 

Menu