སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༤ པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གནང་བའི་མཇུག་བསྡོམས་གསུང་བཤད།


༄༅། །སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༤ པའི་མཇུག་བསྡོམས་ཀྱི་ཐོག་ལ། རྩ་བའི་ཚོགས་གཙོའི་ངོས་ནས་གཏམ་བཤད་རིང་པོ་ཞུ་རྒྱུའི་གྲ་སྒྲིག་གང་ཡང་ཞུས་མེད། འོན་ཀྱང་ཚོགས་གཙོས་གང་བཤད་པ་དེ་ཚོགས་འདུའི་གྲུབ་འབྲས་དང་འབྲེལ་བ་ཆགས་བསྡད་ཡོད་པ་མ་གཏོགས་ཐག་གཅོད་དང་བཀོད་ཁྱབ་གང་ཡང་ཆགས་ཀྱི་མ་རེད་ཅེས་ཞུ་རྒྱུ་ཡིན། དེ་ནས་ང་ཚོས་ལས་རིམ་དང་འབྲེལ་བའི་ཐོག་ནས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ལྔ་དང་། དེ་བཞིན་དུ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་བདུན་ཡོད་པ་གཅིག་དང་། ཁྲིམས་སྒྲིག་བསྐྱར་བཅོས་རིགས་གཅིག་ཕེབས་ཡོད། ང་ཚོ་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༤ པའི་ལས་རིམ་མང་ཆེ་བ་དེ་བཀའ་བློན་ལྷན་ཁང་ཁག་གི་ལས་བསྡོམས་སྙིང་བསྡུས་དང་། སྤྱི་འཐུས་རྒྱུན་ལས་ཀྱི་ཐོག་ནས་ལྷན་ཁང་ཁག་གི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོའི་ཐོག་ལ་བགྲོ་གླེང་དང་ལན་འདེབས་གསལ་བཤད་བཅས་ཀྱི་ཐོག་ལ་དུས་ཚོད་མང་ཙམ་ཞིག་བཏང་ཡོད་པ་རེད། དུས་ཚོད་བཏང་བའི་ནང་ལ་ཡིན་ནའང་དཔལ་ལྡན་སྲིད་སྐྱོང་གཙོས་པའི་དཔལ་ལྡན་བཀའ་བློན་རྣམ་པ་དང་། གྲོས་ཚོགས་ཀྱི་འཐུས་མི་ཡོངས་ནས་ཚ་ཚ་འུར་འུར་གྱི་ཐོག་ནས་ལས་རིམ་ཕེབས་པ་རྣམས་ལ་ཚོགས་གཙོ་སྦྲེལ་པོའི་ངོས་ནས་འཆར་གཞི་གཞིར་བཟུང་གིས་ལས་རིམ་ཡག་ཐག་ཆོད་ཅིག་བྱུང་སོང་སྙམ་པའི་ཚོར་སྣང་བྱུང་།

རྩ་བའི་ང་ཚོས་ལས་དོན་གང་དང་གང་བརྩམས་པ་ཡིན་ནའང་། གཅིག་ནས་བོད་མིའི་སྒྲིག་འཛུགས་དང་བོད་མི་རིགས་དབར་ལས་དོན་ཐོག་ལ་འབྲེལ་བ་ཆགས་དགོས་པ་གཅིག་དང་། གཉིས་ཐད་ནས་ང་རང་ཚོ་བོད་མིའི་བདེན་མཐའ་སེལ་ཆེད་དུ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་རེད། ང་རང་ཚོས་ལས་རིམ་མང་པོ་ཞིག་བསྒྲིགས་དགོས་པའི་གནས་སྟངས་ཤིག་ཀྱང་ཆགས་ཡོད་པ་རེད། ད་ལྟའི་ཆར་མཚོན་ན། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཐོག་ནས་དམར་ཤོག་གི་སྒྲིག་འཛུགས་དེ་འཕྲལ་མར་འགྱུར་བ་འགྲོ་ཡི་རེད་ཅེས་བཤད་ཚོད་ཐིག་གི་མི་འདུག་སྟེ། ཡིན་ནའང་དམར་ཤོག་གི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་ནང་ལ་འགྱུར་བ་མང་པོ་ཞིག་འགྲོོ་ཡི་ཡོད་པ་དེ་རང་བཞིན་གྱི་ཆགས་ཡོང་གི་འདུག དེ་ཡང་ཕྱོགས་གཅིག་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ནས་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བ་ཞིག་ལ་ངོས་འཛིན་བྱས་ན་མི་འགྲིག་པའང་མེད་པའི་གནས་སྟངས་ཤིག་ཡོང་གི་འདུག ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཞེས་པ་དེས་གཏམ་བཤད་གནང་འདུག སྐབས་དེར་ཁོང་གིས་རྡུལ་ཕྲན་མཚོན་ཆ་དང་འབྲེལ་བའི་གནད་དོན་ཅི་ཞིག་ཡིན་རུང་ཕན་ཚུན་སྐད་ཆ་བཤད་ནས་ཐག་གཅོད་བྱ་དགོས་པ་རེད་ཅེས་བཀའ་མོལ་དེ་འདྲ་གསུངས་འདུག གནས་སྟངས་དེ་འདྲར་གཞིགས་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་རེད། མདོར་ན་སྲིད་བྱུས་དབུ་མའི་ལམ་གྱི་བོད་རྒྱ་གཉིས་ཕན་གྱི་ལམ་ནས་ང་རང་ཚོ་མདུན་སྐྱོད་བྱེད་ཐུབ་དགོས་པ་རེད། གཅིག་བྱས་ན་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བའི་གནས་སྟངས་ཆགས་ཀྱི་མེད་དམ་སྙམ་པའི་རེ་བ་མཐོང་གི་ཡོད་པ་རེད། ཡིན་ནའང་ང་རང་ཚོའི་སྒྲིག་འཛུགས་རེད། དེ་ཚོའི་ཐོག་ནས་གོ་སྐབས་དམ་འཛིན་གནང་དགོས་པ་དང་། གནས་སྟངས་དེའི་ཐོག་ལ་འཐུས་ཤོར་མ་འགྲོ་བ་གནང་ཐུབ་དགོས་པ་དེའང་ཧ་ཅང་གི་གལ་ཆེ་བ་ཞིག་རེད། རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་གྱི་ཐོག་ལ་ལག་པ་མ་འཆང་བར་མུ་མཐུད་ནས་ལྷག་ཐུབ་ཐབས་མེད་པ་ལྟ་བུ་ཞིག་མཐོང་གི་ཡོད་པ་རེད། རྒྱུ་མཚན་གང་ཡིན་ཞེ་ན། གཅིག་ནས་བོད་ནང་གི་བོད་མིའི་སེམས་ཤུགས། ལྷག་བསམ་དང་ལྡན་པའི་ཐོག་ནས་བོད་མི་རིགས་ཀྱི་འདུ་ཤེས་དམ་འཛིན་གནང་དགོས་པ་དེ་ཡང་གནས་སྟངས་གཅིག་རེད། དེ་ནས་ང་རང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ལ། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སེམས་ཁུར་རེད། དེ་བཞིན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་བོད་དོན་ཐོག་ལ་ཐུགས་སྣང་གནང་གི་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་དོན་ཐོག་ལ་ལག་པ་མ་འཆང་ནས་ཟུར་ལ་གཡུག་བཞག་པའི་གནས་སྟངས་ཤིག་རྩ་བ་ཉིད་ནས་ཆགས་ཀྱི་མི་འདུག་ཅེས་ཚོགས་གཙོས་མཐོང་ཚུལ་ཞིག་ཞུ་འདོད་བྱུང་།

དེ་བཞིན་དུ་ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་ནང་ལ་སྤྱི་འཐུས་སྒེར་གྱི་གྲོས་ཆོད་ཅིག་ཕེབས་ཡོད། དེ་ཚོ་མང་མོས་ཀྱི་སྒོ་ནས་གཏན་འབེབས་ཞུ་ཐུབ་པ་བྱུང་ཡོད། གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ཡན་ལག་ལ་གཏམ་བཤད་ཡིག་འབྲེལ་རིགས་གཙོ་བོ་བོད་ཀྱི་སྐད་ཡིག་ཐོག་ནས་གནང་དགོས་པའི་ཐག་གཅོད་ཅིག་བྱུང་ཐུབ་ཡོད་པ་རེད། ད་ལྟའི་དུས་ཚོད་ཀྱི་གནས་སྟངས་ལ་གཞིགས་ན་ཚོགས་གཙོས་ཡག་པོ་བྱུང་སོང་སྙམ་པའི་ཚོར་སྣང་བྱུང་། རྒྱུ་མཚན་གང་ཡིན་ཞེ་ན། ད་ལྟ་ང་ཚོ་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཀྱི་ཐོག་ལ་སེམས་འཚབ་སྐྱེ་དགོས་པའི་གནད་དོན་མང་པོ་ཞིག་ཆགས་ཀྱི་འདུག གཅིག་ནས་བོད་ནང་གི་གནས་སྟངས་ཀྱི་ཐོག་ནས་སེམས་འཚབ་སྐྱེ་དགོས་པའི་གནས་སྟངས་ཤིག་དང་། གཉིས་ཐད་ནས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་ཐོག་ནས་སེམས་འཚབ་སྐྱེ་དགོས་པའི་གནད་དོན་ཞིག་ཀྱང་ཆགས་འདུག དཔེར་ན། བོད་ལྟ་བུར་ཆ་མཚོན་ན། རྒྱ་ནག་དང་ས་མཚམས་ཀྱི་བོད་མིའི་གནས་སྟངས་རེད། གཞན་ཡང་བོད་ནང་ལ་རིགས་གཅིག་གིས་བོད་ཀྱི་སྐད་ཡིག་མ་ཤེས་པའི་གནས་སྟངས་སོགས་མང་པོ་ཞིག་ཡོང་གི་འདུག ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་ངོས་ནས་ཡིན་ནའང་མང་ཆེ་བ་ཞིག་གཞན་དབང་སྟབས་བསྟུན་ཆགས་ཡོད་དུས། རང་རྐང་གི་ཐོག་ནས་ང་རང་ཚོ་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་རྒྱུ་ཡོད་པ་མ་རེད། ཡིན་ནའང་ང་རང་ཚོས་གཞན་དབང་སྟབས་བསྟུན་གྱི་འོག་ནས་གང་ལ་གང་འོས་པ་དང་། གང་ལ་གང་འཚམ་པའི་ཐོག་ནས་བོད་ཀྱི་སྐད་ཡིག་དེ་རྒྱུན་འཛིན་ཤུགས་ཆེན་པོ་གནང་ཐུབ་དགོས་པ་དེ་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་རེད། ང་ཚོ་ཕྱི་རྒྱལ་ཁག་ནང་ལ་བཞུགས་པའི་བོད་མི་ཚོའི་ངོས་ནས་བལྟས་ནའང་། བོད་ཀྱི་སྐད་ཡིག་ལ་དོ་སྣང་གསར་པ་ཞིག་བསླེབས་ཡོད་པ་དང་། དེ་བཞིན་དུ་ཕྲུ་གུ་ཆུང་ཆུང་ཡིན་ནའང་། བོད་ཀྱི་ཕྱུ་པ་གྱོན་རྒྱུ་སོགས་ཀྱི་ཐོག་ལ་དོ་དབྱིངས་གསར་པ་ཞིག་བསླེབས་བསྡད་འདུག དེ་འདྲའི་ཐོག་ནས་ང་རང་ཚོའི་ཁོར་ཡུག་ཡག་ཏུ་འགྲོ་བ་གཅིག་དང་། སོ་སོའི་ངོས་ནས་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཆེ་རུ་ཡོང་རྒྱུ་ཙམ་མ་ཟད། མ་འོངས་པར་བོད་ཀྱི་སྐད་ཡིག་ལ་ཏན་ཏན་ཐུགས་ཕན་སོས་པའི་རེ་བ་ཆེན་པོ་ཞིག་ཀྱང་འདུག དེ་ཡིན་དུས་ང་རང་ཚོའི་ངོས་ནས་གོ་སྐབས་དམ་འཛིན་གནང་དགོས་པ་དང་། བོད་མི་མང་ཚོགས་ཀྱི་ངོས་ནས་ཡིན་ནའང་དེའི་ཐོག་ལ་དོ་སྣང་དམིགས་བསལ་ཞིག་དང་ཤུགས་ཆེ་རུ་གནང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།

དེ་རིང་ང་ཚོའི་ལས་རིམ་གལ་ཆེ་བ་གཅིག་དེ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྐབས་ ༨ པའི་སྙན་ཐོ་དེ་ཆགས་ཡོད་པ་རེད། དེའི་ཐོག་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་རེད། ཚོགས་མི་རྣམ་པས་དངོས་གནས་ཕྱག་ལས་ཧུར་ཐག་གནང་སོང་། དེ་འདྲ་ཡིན་དུས་ཚོགས་གཙོ་གཉིས་ཀྱི་ངོས་ནས་ཡིན་ནའང་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོས་མཇུག་སྐྱོང་གནང་ཕྱོགས་དེ་གོང་དུ་བགྲོ་གླེང་བྱས་མ་ཐག་པ་དེ་རེད། བོད་མིའི་སྒྲིག་འཛུགས་དབུས་སའི་ཡན་ལག་ཁག་ལ་ད་ལྟའི་ཆར་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་ཤུགས་ཆེ་བ་གང་ཡང་ཡོད་པ་མ་རེད། ཡིན་ནའང་སྒྲིག་གཞི་དང་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་རྩིས་ཞིབ་སྙན་ཐོའི་ནང་གནས་ཚུལ་དེ་རིགས་ལྷག་པ་མང་པོ་ཡོང་གི་ཡོད། དེ་ཚོའི་སྐོར་ལ་རིམ་པས་ལན་འདེབས་དང་གསལ་བཤད་ཀྱི་སྒོ་ནས་འགྲིག་འགྲོ་བ་གཅིག་དང་། བྱུང་ན་འབྱུང་འགྱུར་ང་ཚོ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ཡང་བསྐྱར་འཛུགས་མ་དགོས་པའི་གནས་སྟངས་ཤིག་བཟོ་དགོས་པ་གལ་ཆེན་པོ་ཞིག་ཆགས་ཡོད་པ་རེད།

དེ་ནས་ང་རང་ཚོ་དེ་རིང་གི་བཀའ་བློན་ལྷན་ཁང་ཁག་གི་ལས་བསྡོམས་དང་འབྲེལ་བའི་ཐོག་ནས་བགྲོ་གླེང་མང་ཤོས་ཤིག ནང་སྲིད་ལས་ཁུངས་དང་འབྲེལ་བའི་ཐོག་ནས་ཡིན་པ་དང་། དེ་ཡང་མང་ཤོས་ཤིག་བུད་མེད་ཀྱི་ཉིན་མོའི་ཐོག་ལ་བགྲོོ་གླེང་ཤུགས་ཆེན་པོ་བྱུང་ཡོད་པ་རེད། དེ་ཡིན་དུས་སྟངས་འཛིན་བྱེད་མཁན་གྱི་ངོས་ནས་གང་ལ་གང་འཚམ་གྱིས་སྟངས་འཛིན་བྱས་པ་ཡིན་ཏེ། ཡིན་ནའང་སྟངས་འཛིན་བྱེད་དུས་གནས་ཚུལ་རིགས་གཅིག་བདེ་བོ་མེད་པའི་གནས་སྟངས་འགའ་ཡོང་གི་འདུག གླེང་གཞི་མང་བ་དེ་བུད་མེད་ཀྱི་ཉིན་མོའི་གནས་སྟངས་དེ་ཆགས་པ་རེད། དེ་ཡིན་དུས་བུད་མེད་ཀྱི་ཉིན་མོ་དགོས་འདུག་དང་མི་འདུག་ཅེས་པ་དེའི་ཐད་ལ་བགྲོ་གླེང་ཤུགས་ཆེན་པོ་བསླེབས་པ་རེད། དེ་ཚོའི་ཐད་ལའང་འཛིན་སྐྱོང་བཀའ་ཤག་གིས་གོ་བསྡུར་སྦྱངས་བཤད་གནང་ཐུབ་དགོས་པ་དང་། བྱུང་ན་སྙན་གསན་ཞུ་དགོས་ནའང་ཞུས་ནས་གང་ལྟར་བསྐྱར་དུ་བགྲོ་གླེང་མ་ཡོང་བ་ཞིག་གནང་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་རིང་གི་གྲོས་ཚོགས་འདི་གཅིག་པུ་མ་རེད། གྲོས་ཚོགས་ཚོགས་དུས་གསུམ་པའི་སྐབས་སུ་ཡང་བུད་མེད་ཀྱི་ཉིན་མོའི་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་ཤུགས་ཆེ་བྱུང་ཡོད་པ་རེད། གཞན་ཡང་བགྲོ་གླེང་བྱུང་སའི་གཞི་རྩ་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་དང་། སྒྲིག་གཞི་སོགས་གནས་ཚུལ་མང་པོ་ཞིག་དང་འབྲེལ་བའི་ཆ་ནས་གླེང་སློང་མང་པོ་བྱུང་ཡོད། དེ་ཚོར་འཛིན་སྐྱོང་གི་ངོས་ནས་བསྐྱར་ཞིབ་གནང་དགོས་པ་དང་། ཐག་གཅོད་དང་ལག་བསྟར་གང་དང་གང་གནང་དགོས་པ་གོ་བསྡུར་གནང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ཡིན་དུས་དེ་ལྟར་གནང་ཐུབ་པ་ཡིན་ན་འབྱུང་འགྱུར་གྱི་གྲོས་ཚོགས་ནང་ལ་ཡང་ཡང་གླེང་སློང་མི་ཡོང་བ་ཞིག་ཏན་ཏན་ཡོང་གི་རེད་སྙམ། དེ་ལས་གལ་ཆེ་བ་མང་པོ་ཞིག་ལ་དུས་ཚོད་གཏོང་ཐུབ་པར་ཏན་ཏན་ཐུགས་ཕན་སོས་ཀྱི་རེད་སྙམ།

དེ་བཞིན་གྲོས་ཚོགས་ཀྱི་ལས་རིམ་སྐྱོང་བའི་སྐབས་སུ་ཚོགས་གཙོ་གཉིས་ལ་ཚོར་སྣང་ངམ། གང་ལྟར་སྤྱི་ཡོངས་ཀྱི་ཆ་ནས་ང་རང་ཚོ་གྲོས་ཚོགས་ཀྱི་འགྲོ་ལུགས་དང་སྤྱི་འཐུས་རྣམ་པ་ཚོས་བགྲོ་གླེང་གི་ཆ་ཤས་བཞེས་ཕྱོགས། དེ་བཞིན་གྱི་བཀའ་བློན་རྣམ་པའི་ལན་འདེབས་གསལ་བཤད་སོགས་དངོས་གནས་ཧ་ཅང་གི་ཚད་མཐོན་པོ་རེད་འདུག དེ་ཡིན་དུས་དེ་ཚོའི་གྲས་ལ་ང་ཚོས་དགའ་བ་སྒོམ་དགོས་པའི་གནས་ཚུལ་ཞིག་རེད། ངས་མིང་ཞུ་མི་དགོས་པའི་ཐོག་ནས། གནད་ཡོད་མི་གཅིག་གིས་ཁྱེད་ཚོའི་གྲོས་ཚོགས་ཚོགས་བསྡད་འདུག་ཅེས་གསུངས་སོང། ལམ་སང་གྲོས་ཚོགས་གནས་སྟངས་གང་འདྲ་ཆགས་ཀྱི་འདུག་ཅེས་ཞུ་དུས། ཁོང་བོད་པ་མ་རེད། ཁོང་གིས་ལམ་སང་ཁྱེད་ཚོ་དཔེ་ཧ་ལས་པ་རེད་འདུག སོ་སོའི་སྐད་ཡིག་གི་ཐོག་ནས་དེ་ལྟ་བུའི་བགྲོ་གླེང་དང་བེད་སྤྱོད་བཏང་ཐུབ་པ་དེ་ཡང་དངོས་གནས་ཧ་ལས་པ་ཞིག་རེད་འདུག ང་ཚོ་རང་བཙན་ཡོད་པའི་རྒྱལ་ཁབ་ཀྱི་ནང་ལ་དེ་ལྟ་བུ་ཚགས་ཚུད་པོ་ཡག་པོ་ཞིག་འགྲོ་ཐུབ་ཀྱི་ཡོད་པ་མ་རེད། སོ་སོའི་སྐད་ཡིག་དང་ལས་དོན་བཅས་གནས་སྟངས་མང་པོ་ཞིག་གི་ཐོག་ནས་དེ་འདྲའི་ལས་རིམ་ཚགས་ཚུད་པོ་འགྲོ་ཐུབ་ཀྱི་ཡོད་པ་མ་རེད་ཅེས་གསུང་མཁན་འགའ་ཡོང་གི་འདུག དེ་ཡིན་དུས་འདི་ཚོ་ང་ཚོ་བཟང་ཕྱོགས་ཀྱི་ཐོག་ནས་དགའ་བ་སྒོམ་དགོས་པའི་གནས་སྟངས་ཤིག་རེད་ཅེས་ཞུ་རྒྱུ་ཡིན།

དེ་ནས་དེ་རིང་ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་ཞིག་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་ཚོགས་ཐེངས་ཤིག་ཚོགས་མ་ཐུབ་པའི་གནས་སྟངས་ཆགས་པ་རེད། དེ་ཡིན་དུས་བཀུར་འོས་སྤྱི་འཐུས་དེ་ཉིད་ཀྱིས་སྐབས་དེར་གཏམ་བཤད་གནང་སྟངས་དང་། ཚིག་ཆ་བེད་སྤྱོད་གཏོང་སྟངས་ཀྱི་ཐོག་ནས་སེམས་འཚབ་ཆགས་དགོས་པའི་གནས་སྟངས་ཤིག་ཀྱང་ཆགས་པ་རེད། དེར་བརྟེན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བརྩད་གཅོད་དང་གྲོས་ཚོགས་ནང་ལ་གཏམ་བཤད་ཕེབས་དགོས་པ་དང་། དེ་བཞིན་ཚོགས་གཙོའི་ཐོག་ནས་གཏམ་བཤད་ཞུ་དགོས་པའི་གནས་སྟངས་ཆགས་པ་རེད། རྩ་བའི་གནས་ཚུལ་དེ་གསལ་པོ་ཆགས་པའི་རྗེས་ལ་བཀུར་འོས་སྤྱི་འཐུས་སྒེར་རང་ཉིད་ཀྱིས་ཚིག་ཆ་དེ་ཚོ་ཚང་མ་ཕྱིར་འཐེན་ཞུ་ཡི་ཡིན་ཞེས་ཞུས་ཡོད་པ་རེད། ཡིན་ནའང་ཚིག་ཆ་དེ་ཚོ་ཕྱིར་འཐེན་ཞུས་ཚར་བའི་རྗེས་ལ་ཚོགས་འདུའི་འགྲོ་སྟངས་ཀྱི་ཆ་ནས་མི་འགྲིག་པ་ཡོད་པ་མ་རེད་ཀྱང། གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཚོགས་གཙོས་ཡར་ལངས་ཏེ་དེ་དང་འབྲེལ་བའི་ཚིག་ཆ་ཐམས་ཅད་གྲོས་ཚོགས་ཀྱི་དེབ་ཐེར་ནང་ནས་ཕྱིར་འཐེན་བྱེད་ཀྱི་ཡིན་ཞེས་གསལ་པོ་བྱས་ནས་ཐག་གཅོད་ཞུས་ཡོད། དེ་ཡིན་དུས་གྲོས་ཚོགས་ཀྱི་འགྲོ་ལུགས་ཀྱི་ཆ་ནས་ཐག་གཅོད་ཚད་མཐོ་ཤོས་ལྟ་བུ་ཆགས་ཀྱི་ཡོད་པ་རེད། ད་ལྟའི་ཆར་ང་རང་ཚོའི་གནས་སྟངས་ཀྱི་ཐོག་ལ་ཆོལ་ཁ་ཆོས་ལུགས་ཀྱི་མཐུན་ལམ་ལ་གནོད་གཞི་བཟོ་བ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཀྱི་གཞི་གང་ཡང་ལྷག་མེད་ཅེས་དེ་གསལ་པོ་བྱས་ནས་ཞུ་རྒྱུ་ཡིན། དེ་ཡིན་དུས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་རེད། ལྷག་པར་དུ་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་ཡིན་ནའང་རེད། བློ་བདེ་བོ་གནང་རོགས་བགྱིས་ཞེས་ཞུ་རྒྱུ་ཡིན།

ལར་ནས་གྲོས་ཚོགས་ཀྱི་གནས་སྟངས་ལ་གཞིགས་ན། བཀུར་འོས་སྤྱི་འཐུས་རྣམ་པས་གོ་སྐབས་ལེན་དུས་ཚོར་བའི་དབང་གིས་སྐད་ཆ་རེ་ཟུང་རིང་ཐུང་ཤོར་བ་མཚམས་རེ་ཡོང་གི་ཡོད་པ་རེད། དེ་ཡོང་བའི་སྐབས་སུ་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་ཡིན་ནའང་འགན་ཁུར་གནང་དགོས་པ་ཞིག་དང་། ལྷག་པར་དུ་རྒྱ་ཆེའི་མང་ཚོགས་ཀྱི་དེའི་ཐོག་འགན་ཁུར་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ལྟ་བུའི་བཀའ་མོལ་གསུང་པ་དེ་དག་བཅད་བཏུབ་བྱས་ནས་ཕར་ཚུར་སྤྱི་ཚོགས་དྲ་རྒྱའི་ནང་ལ་བེད་སྤྱོད་གང་བྱུང་བཏང་བ་དེ། ངས་བལྟས་ན་དེ་འགན་ཁུར་ཡག་པོ་ཞིག་མ་རེད་བསམ་གྱི་ཡོད། དེ་ཡིན་དུས་འགན་ཁུར་ཡག་པོ་ཡིན་ན་དང་པོ་སོ་སོ་ནས་འགོ་བཙུགས་ནས་སྤྱི་ཚོགས་འདི་བརྟན་ལྷིང་དང་ལྷིང་འཇགས། མཐུན་ལམ་ཡོང་རྒྱུར་ང་ཚོས་འབད་བརྩོན་བྱ་ཐུབ་དགོས་པ་དེའང་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད།

ལར་ནས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་རེད། བཀུར་འོས་སྤྱི་འཐུས་དེ་ཉིད་རེད། མ་འོངས་པའི་ང་ཚོའི་གྲོས་ཚོགས་ཀྱི་ནང་ལ་གླེང་སློང་ག་རེ་གནང་བ་ཡིན་ནའང་འགྲིག་གི་རེད། ཡིན་ནའང་གནང་ལུགས་གནང་ཕྱོགས་དེ་རྒྱུ་མཚན་དང་ཁུངས་ལུང་ལྡན་པའི་ཐོག་ནས་སྐད་ཆ་བཤད་རྒྱུ་ཡིན་ནའང་འདྲ། ལུས་ངག་གཉིས་ཀྱི་ཀུན་སྤྱོད་ཡིན་ནའང་འདྲ། ཚུལ་དང་མཐུན་པ་ཞིག་ཡོང་བ་ཡིན་ན། གཟིགས་མཁན་གྱི་རྒྱ་ཆེའི་མང་ཚོགས་ཡིན་ནའང་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་ཡིད་ཆེས་དང་ཆ་འཇོག་ཤུགས་ཆེ་བ་ཡོང་བའི་རེ་བ་ཆེན་པོ་ཡོད་པ་རེད། དེ་ཡིན་དུས་འབྱུང་འགྱུར་ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཡིན་ནའང་ཚུལ་དང་མཐུན་པའི་སྒོ་ནས་འགན་ཁུར་བཞེས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ངས་འབོད་སྐུལ་གྱི་ཚུལ་དུ་ཞུ་འདོད་བྱུང་།

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད། ང་རང་ཚོས་དུས་རྒྱུན་དུ་ནས་གཏམ་བཤད་ནང་ལ་ཞུ་ཡི་ཡོད་པ་རེད། ང་རང་ཚོ་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཚང་མ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་དགོས་ཀྱི་རེད་ཅེས་ཚང་མའི་དམ་བཅའ་དེ་རང་རེད། དམ་བཅའ་དེ་རང་རེད་དེ་མཚམས་རེ་ང་རང་ཚོོའི་གནང་ཕྱོགས་ཀྱི་ཐོག་ནས་བརྡབ་གསིག་རིགས་ཡང་ནས་ཡང་དུ་ཡོང་བསྡད་ཀྱི་ཡོད་པ་རེད། བྱས་ཙང་དེ་མ་ཡོང་བ་བྱ་དགོས་པ་དེ་ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཡིན་ནའང་འདྲ། རྒྱ་ཆེའི་མང་ཚོགས་ཀྱི་ཐོག་ནས་ཡིན་ནའང་འགན་ཁུར་དགོས་པ་རེད་བསམ་གྱི་འདུག ནམ་རྒྱུན་ང་རང་ཚོས་ཆིག་སྒྲིལ་ཟེར་དུས་དོན་ཐོག་ང་རང་ཚོ་ཚང་མ་མཉམ་དུ་སྡོད་ཐུབ་དགོས་རྒྱུ་དང་། མཉམ་དུ་གནས་ཐུབ་རྒྱུའི་འབད་བརྩོན་གནང་དགོས་རྒྱུ་དེ་ཡང་ཧ་ཅང་གལ་ཆེན་པོ་རེད། མཉམ་གནས་དང་མཉམ་དུ་བསྡད་ཐུབ་པ་དེ་དང་མཉམ་དུ་ནུས་པ་མཉམ་སྤུངས་བྱེད་དགོས་ཀྱི་ཡོད་པ་རེད། ནུས་པ་མཉམ་སྤུངས་བྱས་པའི་དུས་ཡུན་རིང་བསམ་ཚུལ་མ་མཐུན་པ་ཡོང་གི་ཡོད་པ་རེད། བསམ་ཚུལ་ཚང་མ་གཅིག་འགྱུར་ཡོང་གི་རེད་དམ་ཟེར་ན། ང་ཚོས་དུས་ནམ་ཡང་ཞུ་ཚོད་ཐིག་གི་མ་རེད། ཡིན་ནའང་བསམ་ཚུལ་མ་མཐུན་པ་ཡོང་བའི་སྐབས་སུ་བགྲོ་གླེང་དང་གོ་བསྡུར་སྦྱངས་བཤད་གནང་སྟེ། ད་ལྟ་ང་རང་ཚོའི་སྤྱི་འཐུས་ལྷན་ཚོགས་ཀྱི་སྡིངས་ཆ་འདིའི་ཐོག་ནས་བོད་མི་རིགས་དང་བོད་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོགས་བྱེད་ཐུབ་རྒྱུའི་ཐག་ཆོད་ཡོང་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད། མ་འོངས་པར་ང་ཚོའི་གྲོས་ཚོགས་ནང་དང་། སྤྱི་ཚོགས་ནང་ལ་ཡིན་ནའང་དེ་འདྲའི་འགན་ཁུར་བཞེས་ཐུབ་དགོས་རྒྱུ་དེ་ད་ལྟའི་དུས་ཚོད་ལ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་འདུག་བསམ་གྱི་ཡོད།

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ང་ཚོ་བོད་མི་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས་དང་མཚོན་རྟགས་ཆགས་བསྡད་ཡོད་པ་རེད། དེ་ཚོའི་གྲས་ང་རང་ཚོས་ཡིད་ལ་བཅངས་ཏེ་ཁོང་གི་དགུང་ལོའི་བབ་དང་གནས་སྟངས་མང་པོ་ཞིག ད་ཆ་མིའི་ལུས་སུ་སྐྱེ་བ་བཞེས་ཡོད་དུས་སྐུ་ངལ་ཡོད་པ་གསལ་པོ་རེད། ཡིན་ནའང་དེ་འདྲའི་སྐུ་ངལ་ཁྱད་བསད་ཀྱིས་བོད་མི་རིགས་དང་བོད་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་གནས་སྟངས་ཀྱི་ཐོག་ལ་སེམས་འཁུར་བྱས་ནས་དེ་ལྟ་བུའི་སྐུ་ལས་ཤུགས་ཆེན་པོ་བསྐྱོན་གནང་བ་དེ་ཚོ་དངོས་གནས་ང་ཚོས་མཇལ་བ་ཙམ་གྱིས་སོ་སོའི་སེམས་པའི་ནང་ལ་ཚོར་བ་མ་འདྲ་བ་ཞིག་བསླེབས་ཡོང་བའི་གནས་སྟངས་ཤིག་ཀྱང་ཆགས་བསྡད་འདུག མདོར་ན་ཁོང་གི་དགོངས་གཞི་དང་མཐུན་པ། ཁོང་གི་ཇི་ལྟར་གསུང་པ་དེ་བཞིན་དང་དེའི་མཐུན་ཕྱོགས་ལ་འབད་སྒྲུབ་བྱ་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་། ང་རང་ཚོའི་གྲོས་ཚོགས་ནང་ལའང་གླེང་སློང་མང་པོ་བྱུང་སོང། དེ་བཞིན་སྲིད་སྐྱོང་གི་ཐོག་ནས་གསལ་བཤད་དེ་འདྲའང་ཞུས་སོང། Guwahati ནས་ Dibrugarh ཡི་བར་ལ་གནམ་གྲུ་འཕུར་བའི་སྐབས་སུ་༸སྐྱབས་མགོན་རིན་པོ་ཆེ་མཆོག་མར་ཆིབས་བསྒྱུར་གནང་ནས་གྷ་གྷལ་ལ་ཕེབས་དུས། དེ་དུས་སྲིད་སྐྱོང་ང་གཉིས་མཉམ་དུ་ཕེབས་བསུར་བཅར་བ་རེད། བཅར་བའི་སྐབས་སུ་མཇལ་དར་ཡང་ཕུལ་བ་དང་། ༸སྐྱབས་མགོན་རིན་པོ་ཆེས་གསུངས་དོན་ལ། ” གནམ་གྲུ་ཆུང་ཆུང་དེའི་ནང་འགྲོ་དུས་ཆར་འཚུབ་ཀྱི་ཐོག་ནས་ཨ་ཁ་གནས་སྟངས་ཅིག་ལྷག་སོང་སྙམ་པའི་ཚོར་སྣང་བྱུང་ཞེས་གསུངས་པ་དང་། ཡིན་ཡང་བོད་མི་ས་ཡ་དྲུག་གི་གནས་སྟངས་དེ་གང་འདྲ་ཆགས་ཀྱི་ཡོད་ན་བསམ་པ་སེམས་པའི་ནང་ཤུགས་ཆེན་པོ་དྲན་སོང་ ” ཟེར་ནས་ང་ཚོར་དེ་གསུངས་གནང་སོང་། གང་ལྟར་༸སྐྱབས་མགོན་རིན་པོ་ཆེ་ཡིས་དེ་འདྲའི་མཛད་པ་འཕྲིན་ལས་བསྐྱངས་པ་དང་། སེམས་ནང་ལ་བོད་མི་རིགས་ཀྱི་སེམས་ཁུར་གནང་བ་དེ་ཚོ་ཧ་ཅང་གིས་ང་ཚོར་བཀའ་དྲིན་ཆེན་པོ་དང་རླབས་ཆེན་པོ་རེད། ད་ལྟ་ང་རང་ཚོའི་དུས་ཚོད་འདི་ལའང་ཕྱོགས་གཅིག་ནས་བོད་ས་ཤོར་ནས་གནས་སྟངས་ཐབས་སྐྱོ་པོ་འདྲ་བོ་ཞིག་ཆགས་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོར་སྐལ་བཟང་དུས་བཟང་ཞིག་གི་གནས་སྟངས་ལྟ་བུ་ཆགས་ཡོད་པ་རེད། ང་ཚོ་འདིར་མཉམ་སྦྲེལ་བྱེད་ཐུབ་པ་དང་བཀའ་མོལ་གནང་ཐུབ་པ། གང་ལྟར་མང་གཙོའི་སྒྲིག་འཛུགས་ཚད་དང་ལྡན་པ་ཞིག་ཡོང་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་ཙང་། དེ་ཚོའི་ཐོག་ལ་ང་ཚོས་བཀའ་དྲིན་ཚོར་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཟེར་ནས་ཞུ་རྒྱུ་ཡིན། དེ་དང་མཉམ་དུ་དེ་ཞུས་ན་ཁྱད་པར་མི་འདུག ན་ནིང་སྤྲེལ་ལོའི་སྐབས་སུ་ང་ཚོ་མཚོ་པདྨར་བཅར་བ་རེད། སྐུ་ངོ་སྲིད་སྐྱོང་མཆོག་ཡོད་པ་རེད། ཞོགས་པ་ཆོས་སྐྱོང་ཁག་དེ་ཚོ་སྐུ་གསོལ་ཞུ་རྒྱུ་དང་། དེའི་རྗེས་ལ་བར་གསེང་བཞག་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་མངགས་ཡར་ཤོག་ཟེར་ནས་བཀའ་གནང་འདུག དེ་འདྲ་ཡིན་ཙང་ང་ཚོ་ཡར་བཅར་བ་ཡིན། བཅར་བའི་སྐབས་སུ་སྐབས་དེར་དགའ་ལྡན་ཕོ་བྲང་གི་གནད་ཡོད་མི་སྣ་ཡོད་པ་རེད་ལ། དེ་བཞིན་སྲིད་སྐྱོང་མཆོག་དང་བདེ་སྲུང་བཀའ་བློན་གཉིས་ཡོད་པ་རེད། བོད་ཀྱི་ཆོས་རྒྱལ་བྱང་སེམས་དེ་ཚོར་འབྲེལ་བ་ཡོད་པ། ལྷག་པར་དུ་ཁྲི་སྲོང་ལྡེའུ་བཙན་དང་འབྲེལ་བ་དམིགས་བསལ་ཡོད་ལུགས་སྐོར་༸སྐྱབས་མགོན་རིན་པོ་ཆེས་དེ་འདྲའི་བཀའ་སློབ་ཕེབས་པའི་རྗེས་ལ། ད་ལྟ་ཁྱེད་རང་ཚོ་ཏན་ཏན་ལས་སྨོན་གྱི་འབྲེལ་བ་ཡོད་པ་རེད་དཱ། དེ་འདྲ་སོང་ཙང་ཁྱེད་རང་ཚོ་སྤོབས་པ་དང་ལྡན་པའི་ཐོག་ནས་ཤུགས་རྒྱོབས་ཤོག་ཨ་ཟེར་ནས་བཀའ་ཕེབས་སོང་། དེ་འདྲའི་གནད་དོན་འདིར་ཞུ་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ང་ཚོ་ཚང་མ་བོད་སྤྱི་པའི་ཐོག་ལ་འགན་འཁུར་མཁན་གྱི་མི་སྣ་ཞིག་ཆགས་བསྡད་ཡོད་པ་རེད། ང་ཚོས་ལས་དོན་ག་རེ་བརྩམས་ཀྱང་སྤོབས་པ་དང་ལྡན་པའི་ཐོག་ནས་བོད་མི་རིགས་ཆེད་དུ་སེམས་ཤུགས་སྐྱེ་ནས་གནང་ཐུབ་དགོས་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཟེར་ནས་ཞུ་འདོད་བྱུང་།

དེ་བཞིན་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་ལ་ལས་དོན་གང་འཚམ་ཚགས་ཚུད་དང་ཡག་པོ་གནང་གྲུབ་ཐུབ་སོང་། འཛིན་སྐྱོང་བཀའ་ཤག་ལ་བསམ་ཚུལ་མང་པོ་འབུལ་རྒྱུ་དང་། ཐུགས་ཕན་སོས་པ་ཏན་ཏན་ཡོད་པ་རེད་དྲན་གྱི་འདུག ལེགས་ཆ་ལེན་ཐུབ་དགོས་པ་དང་། དེ་བཞིན་སྤྱི་འཐུས་རྣམ་པ་ཡིན་ཡང་། ཟླ་བ་དྲུག་གི་གནས་སྟངས་མང་པོར་བརྟེན་ནས་མཐོང་བསྡད་པ་དེ་རིང་འདིར་ཞུ་རྒྱུའི་གོ་སྐབས་ཏན་ཏན་བྱུང་ཡོད་པ་རེད། འདི་ཚོའི་ཐོག་ལ་ཐུགས་བློ་བདེ་པོ་བྱུང་ཡོད་ཀྱི་རེད་བསམ་གྱི་འདུག ཡིན་ཡང་ང་རང་ཚོ་མུ་མཐུད་ནས་བྱུང་ན་ཉིན་མཚན་དུས་དྲུག་བོད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ང་རང་ཚོས་འབད་བརྩོན་ཞུ་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་གྲོས་ཚོགས་འདིའི་ནང་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཐུབ་པ་བྱུང་ཡོད་པ་རེེད། དེའི་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་དམིགས་བསལ་གྱི་བོད་དོན་ཞུ་འབོད་གནང་རྒྱུ་དང་ལས་འགུལ་སྤེལ་རྒྱུའི་ཐོག་ལ་ལམ་རིམ་ཞིག་ཐག་གཅོད་ཞུ་ཐུབ་ཡོད་པ་རེད། དེ་གཞིར་བཟུང་སྤྱི་འཐུས་རྒྱུན་ལས་ནང་ལ་གོ་བསྡུར་བྱས་ནས་རིམ་པས་མར་སྤྱི་ཚོགས་ནང་ཐོན་གྱི་རེད་བསམ་གྱི་འདུག ང་ཚོས་མཉམ་བཞུགས་གནང་ཐུབ་དགོས་པ་དང་། ལྷག་པར་དུ་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་མཉམ་བཞུགས་གནང་ཐུབ་པའི་གོ་སྐབས་དེ་འདྲ་བྱུང་ན། བཞུགས་རྒྱུ་དེ་གལ་ཆེན་པོ་རེད། དེ་དང་མཉམ་དུ་ལྷན་ཁང་ཁག་གི་ལས་དོན་དང་འབྲེལ་བའི་སྐོར་ལ་བསྔགས་བརྗོད་ཞུ་རྒྱུ་དང་། རིགས་གཅིག་ཐད་ཀར་སྐྱོན་བརྗོད་ཟེར་ནའང་མི་འདུག གང་ལྟར་གནད་དོན་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད། དེར་བརྟེན་སྲི་ཞུ་བའི་ལས་བྱེད་རྣམ་པ་ཚང་མའི་ཐོག་ནས་ཡིན་ཡང་། གྲོས་ཚོགས་ནང་དུ་གླེང་སློང་འདི་འདྲ་བྱུང་སོང་སྙམ་པའི་ཐོག་ནས་དང་སོ་སོ་དུས་རྟག་ཏུ་བོད་མི་རིགས་ཀྱི་སྲི་ཞུ་བ་ཞིག་ཡིན་པར་བརྟེན། སེམས་ཤུགས་མ་ཆག་པར་ལྷག་བསམ་རྣམ་དག་གི་སྒོ་ནས་བོད་མི་རིགས་ཀྱི་ཆེད་དུ་ལས་འགན་ཁུར་ཐུབ་དགོས་པ་ཞིག་དང་། ལས་ཀ་དེ་སྲི་ཞུའི་ལས་བྱེད་ཀྱི་བླང་དོར་སྒྲིག་གཞི་གཞིར་བཟུང་གི་ཐོག་ནས་ལས་དོན་ནང་དུ་མཉམ་བཞུགས་གནང་ཐུབ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་འདུག་ཟེར་ནས་ཞུ་རྒྱུ་ཡིན།

མཐའ་མ་དེར་ང་ཚོ་གྲོས་ཚོགས་འཚོགས་པའི་བརྒྱུད་རིམ་ནང་དུ། ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་གྱི་ཐོག་ནས་མཐུན་འགྱུར་ཧ་ཅང་ཡག་པོ་གནང་སོང་། འོན་ཀྱང་ང་ཚོར་ཐོག་མར་བར་ཆད་ལྟ་བུ་ཕྲན་བུ་བྱུང་སོང་། དེ་ཡང་ཕྱི་ནང་གཉིས་ཀའི་ཐོག་ནས་རེད། ཕྱོགས་གཅིག་ནས་གངས་སྐྱིད་ལ་ཨར་པོའི་ལས་གཞི་འགྲོ་བསྡད་ཡོད་པ་རེད། དེ་འདྲའི་ཐོག་ནས་དཀའ་ངལ་རེད་འདུག ཕྱོགས་གཞན་ཞིག་ནི་ནང་གི་གློག་སྐུད་འཁྲིད་སྟངས་དང་དེ་འདྲའི་ཐོག་ནས་གནས་སྟངས་བྱུང་འདུག གཞན་ཡང་གྲོས་ཚོགས་ཀྱི་ལས་རིམ་དྲ་རྒྱ་བརྒྱུད་ནས་གཟིགས་མཁན་རྣམ་པ་དང་། བཀུར་འོས་སྤྱི་འཐུས་རྣམ་པ་ཡིན་ནའང་དེ་ཚོའི་ཐོག་ལ་ཐུགས་སུན་པོ་ཏོག་ཙམ་བྱུང་སོང་བསམ་སོང་། སོང་ཙང་དེར་ཚོགས་གཙོའི་ངོས་ནས་དགོངས་སེལ་ཞུས་པའི་ཐོག་ནས་མ་འོངས་པར་དེའི་རིགས་མ་ཡོང་རྒྱུར་གྲོས་ཚོགས་ཀྱི་ངོས་ནས་ཐབས་ལམ་ག་རེ་འདུག་ཀྱང་གནང་ཐུབ་དགོས་པ་ཞིག་དང་། དེ་བཞིན་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་ངོས་ནས་ཀྱང་མཐུན་འགྱུར་སྔར་ལྷག་ཞུ་ཡི་རེད་བསམ་གྱི་ཡོད། གཞན་ཞིག་ནི་བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཀྱི་ཐོག་ནས་ང་ཚོར་འདིར་ཕྱི་མི་ལྟ་རྟོག་བྱེད་རྒྱུ་དང་། གཞན་དག་གི་ཐོག་ལ་ལས་འགན་ཤུགས་ཆེན་པོ་ཁུར་ཡོད་པ་རེད། ཁོང་རྣམ་པ་ཡིན་ཡང་དུས་ཚོད་ལ་མ་ལྟོས་པའི་ཐོག་ནས་འགན་ཁུར་གནང་སོང་ཞུ་རྒྱུ་དང་། དེ་བཞིན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་ཡིན་ཡང་ཞོགས་པ་སྔ་ལངས་དང་དགོངས་མོ་ཕྱི་ཉལ་གྱི་ཐོག་ནས་ལས་བྱེད་དེ་དག་བྲེལ་བ་ཆེན་པོ་ཆགས་བསྡད་ཡོད་པ་རེད། ལྷག་པར་དུ་ཚོགས་དྲུང་ཡིན་ནའང་ཤུགས་ཆེན་པོའི་ཐོག་ནས་སྐུ་ལས་བསྐྱོན་གནང་སོང་། དེ་འདྲའི་ཐོག་ནས་ཚོགས་གཙོ་སྦྲེལ་པོའི་ངོས་ནས་ང་ཚོ་གྲོས་ཚོགས་ལ་མཐུན་འགྱུར་གནང་མཁན་ཕྱི་དྲིལ་སྒྲ་བརྙན་སྡེ་ཚན་དང་། བདེ་སྲུང་ལས་ཁུངས། དེ་བཞིན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་འགོ་མང་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོ་གྲོས་ཚོགས་འདི་གྲོལ་བའི་ཟླ་བ་དྲུག་གི་རྗེས་ལ་སླར་ཡང་ལྷན་འཛོམས་ཡོང་གི་ཡོད་པ་རེད། དེའི་བར་དུ་ཚང་མ་སྐུ་གཟུགས་བདེ་ཐང་ཡོང་བ་དང་། བསྐྱར་དུ་བོད་མི་རིགས་ཀྱི་ཆེད་དུ་ལས་དོན་གྱི་ཐོག་ལ་མཉམ་བཞུགས་གནང་ཐུབ་པའི་སྨོན་འདུན་ཞུ་རྒྱུ་བཅས། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱི་འགྲུབ་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།