སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པར་གནང་བའི་བཀའ་ཤག་གི་གསལ་བཤད།

༄༅། །དཔལ་ལྡན་ཚོགས་གཙོ་མཆོག བཀུར་འོས་གྲོས་ཚོགས་འཐུས་མི་རྣམ་པས་ངོས་ནས་བཀའ་བློན་གཞན་ཚོའི་འོས་མི་མིང་འདོན་ཞུས་པར་གྲོས་ཚོགས་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། གྲོས་ཚོགས་འདི་བརྒྱུད་བོད་རིགས་སྤུན་ཟླ་ཡོངས་དང༌། ཁྱད་པར་བཙན་འོག་ཏུ་ཚུད་པའི་གཞིས་བཞུགས་བོད་མི་རྣམས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
ཉེ་སྔོན་བཀའ་བློན་ཁྲི་པའི་ལས་ཁུར་འགོ་འཛུགས་ཀྱི་དམ་འབུལ་མཛད་སྒོའི་ཉིན་ྋགོང་ས་མཆོག་གིས་ཆེས་གལ་གནད་ཆེ་བའི་བཀའ་སློབ་ལམ་སྟོན་ཞིག་ཕེབས་ཡོད་པ་ནི་ བྱབྱསྲིད་སྐྱོང་གི་འགན་བཞེས་མཁན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངས་རྩིས་ལེན་ཞུས་པ་འདི། དེ་རིང་འདིར་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོས་ཀྱིས་རྩིས་སྤྲོད་བྱ་རྒྱུ་ཡིན། ་་ངོས་རང་སྒེར་ལ་ཆ་བཞག་ན་དེ་རིང་གི་ཉིན་མོ་འདི་དངོས་གནས་ངོས་ཀྱི་མི་ཚེའི་ནང༌། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། ཞེས་བརྗོད་པའི་འདོད་དོན་དེ་རིང་དངོས་སུ་གྲུབ་ཐུབ་པ་བྱུང༌།བྱབྱ ཞེས་གསུངས་པ་དང༌། ཕྱི་ལོ་ ༡༧༥༡ ལོར་ྋརྒྱལ་དབང་སྐུ་ཕྲེང་བདུན་པས་བཀའ་ཤག་བསྐྱར་འཛུགས་སྐབས་བསྩལ་བའི་བཀའ་ཤག་གི་ཁྲིམས་མཐུན་མཚོན་རྟགས་བཀའ་དམ་སྲིད་ཞི་བདེ་སྐྱིད་མ་རྩིས་སྤྲོད་གནང་བ་དེས། བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་དང༌། ཁྲིམས་མཐུན་གྱི་བདག་དབང༌། ལོ་རྒྱུས་ཀྱི་རང་བཞིན་བཅས་མུ་མཐུད་རྒྱུན་མཐུད་པ་མཚོན་གྱི་ཡོད།
ངོས་ཀྱི་དམ་འབུལ་གཏམ་བཤད་ནང་ཞུས་ཟིན་པ་ལྟར། ྋགོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྣམས་བོད་མི་ཡོངས་ལ་རྩིས་སྤྲོད་གནང་བ་ཞིག་ལས། བཀའ་བློན་ཁྲི་པ་མི་སྒེར་གཅིག་ལ་རྩིས་སྤྲོད་གནང་བ་མིན་པའི་དངོས་དོན་ད་རེས་གྲོས་ཚོགས་སུ་ཡང་བསྐྱར་དྲན་བསྐུལ་ཞུ་འདོད་བྱུང༌། ད་ཆ་ྋགོང་ས་མཆོག་གིས་ཆབ་སྲིད་དབུ་ཁྲིད་གནང་མི་དགོས་པར་བོད་མི་རྣམས་རང་གི་རྐང་པའི་ཐོག་ལངས་ཐུབ་པ་བྱེད་དགོས་སྟབས། བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་དང༌། ཁྱད་པར་ཁྲིམས་ལུགས་དབང་འཛིན་དང༌། ཁྲིམས་བཟོ་ལྷན་ཚོགས། འཛིན་སྐྱོང་བཅས་ཀྱི་འགོ་ཁྲིད་རྣམས་ནས་ྋགོང་ས་མཆོག་གི་ཐུགས་དགོངས་ལྟར་ལས་དོན་འགན་ཁུར་ཐུབ་པ་བྱ་རྒྱུ་དུས་ཀྱི་དགོས་མཁོ་ཆགས་ཡོད། ད་ལྟའི་དུས་སྐབས་འདི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་ཆེས་གཉན་འཕྲང་ཆེ་བའི་གནས་སྟངས་ཤིག་ཡིན་སྟབས། ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་ང་ཚོར་རེ་བའི་མིག་འབུར་ལྟ་བཞིན་པའི་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཐུགས་ཕམ་མི་ཡོང་བ་བྱེད་དགོས།
མཁས་དབང་ཟམ་གདོང་རིན་པོ་ཆེས་འདས་པའི་ལོ་བཅུའི་རིང་དབུ་ཁྲིད་གནང་བ་དང༌། འཛིན་སྐྱོང་གསར་རྙིང་འཕོ་འགྱུར་ལམ་ལྷོང་ཡོང་ཆེད། ཁོང་དང་ཕྱག་རོགས་བཀའ་བློན་རྣམ་པ་དང༌། སྲི་ཞུ་བ་ཚོས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང༌། ང་དང་ངའི་བཀའ་ཤག་གིས་ཀྱང་མུ་མཐུད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བརྩི་བཀུར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་བགྲེས་གཞོན་དང༌། བཀུར་འོས་སྤྱི་འཐུས་རྣམ་པར་མཐུན་འགྱུར་མཉམ་ལས་ཞུ་རྒྱུ་ཡིན་ཞིང༌། ལྷག་བསམ་དང་ཤེས་འཇོན་ལྡན་པའི་སྲི་ཞུ་བ་ཚོ་དང༌། མང་ཚོགས་མཉམ་དུ་འཁྲིད་ཐབས་ཞུ་རྒྱུ་ཡིན།
ངོས་རང་བཀའ་བློན་ཁྲི་པར་འོས་འདེམས་བྱུང་རྗེས་མཁས་དབང་ཟམ་གདོང་རིན་པོ་ཆེ་ཐེངས་དང་པོ་མཇལ་སྐབས་ཁོང་གིས། ཁྱེད་རང་བཀའ་ཁྲི་གསར་པ་ཡིན་སྟབས་ལས་དོན་གང་འདྲ་བྱེད་མིན་གདམ་ཁ་ཡོད་དགོས། འདས་པའི་ལོ་བཅུའི་རིང་ངས་སྲིད་བྱུས་དང་ལས་དོན་སྤེལ་བ་ཁག་མུ་མཐུད་དགོས་པའི་དམ་འཛིན་བྱེད་ཀྱི་མེད། གསར་གཏོད་དང་འགྱུར་བ་གང་འདྲ་ཞིག་གཏང་ནའང་ངའི་ངོས་ནས་རྒྱབ་སྐྱོར་ཆ་ཚང་ཡོད་ཅེས་བཀའ་གནང་བྱུང༌། དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་དམ་འབུལ་རྗེས་བཀའ་ཁྲི་གསར་རྙིང་མཐའ་མའི་མཇལ་འཕྲད་སྐབས་ཀྱང་དེ་དོན་བསྐྱར་ནན་དང་སྦྲགས། བཀའ་བློན་ཚོའི་ངོས་ནས་ཀྱང་རྒྱབ་སྐྱོར་བྱ་རྒྱུ་བཀའ་ཤག་ནང་བཀའ་བསྡུར་བྱུང་སོང་ཞེས་གསུངས་པ་ནི། གཟི་བརྗིད་ཅན་ཞིག་རེད་སྙམ།
བཀའ་ཤག་སྐབས་བཅུ་བཞི་པའི་ལས་རྒྱུན་འབྱུང་འགྱུར་ལོ་ལྔའི་རིང་ཆིག་བསྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་བྱེད་རྒྱུའི་ལྟ་གྲུབ་གསུམ་པོ་གཞི་རྩར་བཟུང་ནས། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྲ་བརྟན་རྒྱུན་གནས་ཀྱིས་བོད་མིའི་རང་དབང་བསྐྱར་གསོ་དང༌། ྋགོང་ས་མཆོག་བོད་ནང་གདན་འདྲེན་ཞུ་ཐབས། བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་མི་ཉམས་གོང་འཕེལ་ཡོང་བ་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྤྱི་དང་ཁྱད་པར་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཚགས་ཚུད་ཡོང་ཐབས་འབད་བརྩོན་ཞུ་རྒྱུ་ཡིན། ལྷག་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཕྱའི་འགན་ཁུར་རྒྱ་གར་དབུས་སའི་གཞུང་གིས་ཐུགས་འགན་རྐང་བཞེས་ཐོག་བདེ་སྲུང་ལས་ཁུངས་ནས་དམ་དོན་ཞུ་མུས་ལྟར་སྐུ་ཕྱྭའི་ཞུ་སྒོ་མཐའ་དག་འཐུས་ཤོར་མེད་པ་ཡོང་ཆེད་བསྐྱར་ཞིབ་ཇི་དགོས་ཞུ་རྒྱུ་ཡིན།
བོད་དོན་བདེན་མཐའ་གསལ་ཐབས་ཆེད་རྒྱ་ཆེའི་མང་ཚོགས་དང་གྲོས་ཚོགས་གཉིས་ཀས་ཚད་མཐོའི་མང་མོས་ཀྱི་ལམ་ནས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་གྱིས་ཞི་མོལ་གྱི་ལམ་ནས་བོད་དོན་འགྲིགས་ཆགས་ཡོང་ཐབས་བྱེད་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན་ཞིང༌། རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་དང་འབྲེལ་ལམ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱབ་སྐྱོར་ཐོབ་ཐབས་བྱ་རྒྱུ་དང༌། བོད་ཀྱི་ཁོར་ཡུག་གནས་སྟངས་དྲིལ་བསྒྲགས་དང་སྲུང་སྐྱོབ་ཐུབ་ཐབས་ཞུ་རྒྱུ།
ཤེས་ཡོན་ནི་འཕྲལ་ཕུགས་རྒྱང་གསུམ་གང་ནས་བལྟས་ཀྱང་གལ་གནད་ཆེ་བའི་གནད་དོན་ཞིག་ཡིན་སྟབས། ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ལས་དོན་གལ་ཆེ་ཤོས་སུ་བརྩིས་ནས་འབྱུང་འགྱུར་ལོ་ཉི་ཤུའི་ནང༌། བཙན་བྱོལ་དུ་ཁྱད་ལས་པ་ཆིག་ཁྲི་ཐོན་ཐུབ་པའི་དམིགས་ཚད་བཟུང་རྒྱུ་དང༌། བོད་ནང་ཁྱད་ལས་པ་ཆིག་འབུམ་ཐོན་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།
དེ་བཞིན་འཛིན་སྐྱོང་ནང་ཁྱད་ལས་མི་སྣ་གསོ་སྐྱོང་ཐུབ་ཐབས་དང༌། འཕྲུལ་རིག་ལག་རྩལ་དང༌། སྤྱི་ཚོགས་འབྲེལ་གཏུགས་ཀྱི་བརྒྱུད་ལམ་ཁག་བེད་སྤྱད་པའི་སྒོ་ནས་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཕྱི་གསལ་ནང་གསལ་དང༌། མང་ཚོགས་མཉམ་ཞུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུའི་འབད་བརྩོན་ཞུ་རྒྱུ།
འབྱུང་འགྱུར་ལོ་ལྔ་བཅུའི་འཕྲལ་ཕུགས་ཀྱི་འཆར་སྣང་ཐད། མཁས་པ་དང་ཤེས་ཡོན་ཅན་ཚོའི་ཐབས་བྱུས་དང༌། རྣམ་དཔྱོད་འདོན་སའི་སྡིངས་ཆ་བསྐྲུན་ཆེད། བོད་ཀྱི་སྲིད་བྱུས་ཞིབ་འཇུག་ཁང་ཞིག་འཛུགས་རྒྱུ།
གཞིས་ཆགས་རེ་དང་བོད་རིགས་སྤྱི་མཐུན་ཚོགས་པ་རེ་མགོ་སྦྲེལ་གྱི་ལམ་ནས་རྒྱ་བལ་འབྲུག་གསུམ་དང་ནུབ་ཕྱོགས་རྒྱལ་ཁབ་ནང་ཡོད་པའི་བོད་རིགས་ཚོའི་དབར་མཐུན་འགྱུར་བྱེད་ཐབས་ཀྱི་འབྲེལ་བ་འཛུགས་རྒྱུ།
བོད་ཀྱི་མཉམ་སྡེབ། ཅེས་པ་བཙུགས་པའི་ལམ་ནས་རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་ཤེས་ཡོན་ཅན་ཚོའི་ནུས་པ་འགུག་ཐབས་བྱེད་རྒྱུ། དེ་བཞིན་གཞོན་སྐྱེས་ཚོར་ལས་འཚོལ་གྱི་གོ་སྐབས་དང༌། གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས། མང་ཚོགས་ཀྱི་འཕྲོད་བསྟེན་གོ་རྟོགས་དང་མཐུན་རྐྱེན་ཡར་རྒྱས་གཏོང་ཐབས་བཅས་ཞུ་རྒྱུ་ཡིན།
མཐའ་དོན། ད་བར་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྗེས་སུ་དྲན་པའི་སྒོ་ནས། གཞིས་བཞུགས་བོད་མིའི་སེམས་ཤུགས་གོང་དུ་འཕེལ་བ་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་པའི་ལྷག་དཀར་གྱི་ལས་འགུལ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
དཔལ་ལྡན་ཚོགས་གཙོ་མཆོག བཀའ་ཤག་གི་གསལ་བཤད་འདི་བཀའ་ཤག་སྐབས་བཅུ་བཞི་པས་གྲོས་ཚོགས་ལ་སྤེལ་བའི་གསལ་བཤད་ཐོག་མ་དེ་ཡིན་པས། གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། འབྱུང་འགྱུར་ལོ་ལྔའི་རིང་གྲོས་ཚོགས་ཀྱི་ལས་རིམ་ཚགས་ཚུད་ཡོང་བའི་སྨོན་འདུན་བཅས། བོད་རྒྱལ་ལོ།།

Menu