སྐབས་ ༡༥ པའི་དབུས་གཙང་བར་མའི་སྤྱི་འཐུས་གཉིས་འདེམས་ཐོན་བྱུང་བ་གཤམ་གསལ།

 

ཨང་། མིང་དང་ཁྱད་མིང་། ཕ་ཡུལ་ལམ་
ལུང་ཚན།
ད་ལྟའི་
སྡོད་གནས།
འོས་གྲངས། བརྒྱ་ཆ།
ཟླ་བ་ཕུན་སྐྱིད། གཙང་གམ་པ། རྡ་ས། ༩༧༨༣ ༦༡་༦༤%
འཇིགས་མེད་འབྱུང་གནས། སྟོད་རུ་ཐོག སྦེལ་ཀོབ། ༨༠༧༥ ༥༠་༨༨%

 

 

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།


༄༅། །༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་འོག་རྡ་ས་བོད་ཁྱིམ་དུ་དྭ་ཕྲུག་ཁོངས་སློབ་བཞེས་ཀྱིས་འཚར་ལོངས་བྱུང་ཞིང། སློབ་གྲྭའི་ནང་སྤྱི་ཁྱབ་རྒན་བདག་གི་འགན་འཁུར་ཞུས། བོད་གཞུང་ཤེས་རིག་ལས་ཁུངས་ནས་སློབ་བུ་རྩེ་ཕུད་ཀྱི་བྱ་དགའ་གནང་སོན་བྱུང། འཛིན་རིམ་བཅིུས་ཀྱི་སློབ་རྒྱུགས་མཐའ་མ་དེ་ལེགས་འཕྲོད་རྗེས་ Christian Medical College, Vellore དང་། St. John’s Medical College, Bangalore བཅས་མཐོ་སློབ་གཉིས་ནང་སྨན་ཁང་འཛིན་སྐྱོང་དང་འཕྲོད་བསྟེན་འཛིན་སྐྱོང་གི་རིག་གནས་ཐོག་སློབ་མཐར་ཐོན་རྗེས། རང་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར་ ༡༩༨༧ ནས་བོད་གཞུང་བདེ་ལེགས་སྨན་ཁང་དུ་འཕྲོན་བསྟེན་འབྲེལ་མཐུད་པ་དང། འཕྲོད་བསྟེན་ལས་ཁུངས་ཨ་མར་འཕྲོད་བསྟེན་འཆར་འགོད་འགན་འཛིན་གྱི་ལས་འཁུར་ཞུ་བཞིན་པའི་སྐབས། ༡༩༩༤ ལོར་བདེ་ལེགས་སྨན་ཁང་གི་དྲུང་ཆེར་བསྐོ་གཞག་དང་། དེ་རྗེས་ ༢༠༠༦ ནས་བཟུང་བདེ་ལེགས་སྨན་ཁང་གི་འགན་འཛིན་དུ་བསྐོ་གཞག་བྱུང་བ་བཞིན་ལས་འཁུར་ཞུ་མུས། དེ་བཞིན་རྡ་ས་ས་གནས་གཞོན་ནུའི་ཚོགས་གཙོའི་ལས་འཁུར་སྐབས་གཉིས་དང་། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་འགན་འཁུར། ༢༠༠༡༌༌༌༌༢༠༠༥ བར་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་ཚོགས་གཞོན་གྱི་འགན་འཁུར་བཅས་སྤྱི་ཚོགས་ཞབས་ཞུའི་གོ་སྐབས་བྱུང་བ་བཞིན་སྐབས་སོ་སོར་ལས་དོན་ངོ་ལྐོག་རྒྱབ་མདུན་མེད་པར་ཞུས། ༡༩༩༤ ནས་རྡ་ས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་གྱི་ལས་འཁུར་ཞུ་མུས་ཐོག་ Rotary Club སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་མི་ཡིན་མུས་ཐོག་ཡུལ་མི་དང་བོད་མིའི་དབར་མཐུན་འབྲེལ་ལ་ཕན་པའི་ལས་འགུལ་ལན་མང་སྤེལ་ཡོད། དེ་བཞིན་ད་ལྟ་དབུས་སྨན་རྩིས་ཁང་དང་རྡ་ས་ཀུན་ཕན་དགེ་རྩ་ཚོགས་པ་གཉིས་སོ་སོའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཡང་ཡིན། གོང་གསལ་ལས་དོན་དང་འབྲེལ་བའི་ཐོག་ཨ་རི་གཙོས་ཕྱི་རྒྱལ་ཡུལ་གྲུ་ཆེ་ཁག་མང་པོར་ཉམས་གསོག་དང་བསླབ་བྱ་ལེན་རེས་སོགས་ཀྱི་ཆེད་སྤྱི་སྒེར་གཉིས་ཐོག་ནས་ཕྱིར་བསྐྱོད་ཐེངས་མང་བྱེད་མྱོང་ཡོད་པས་ཕྱི་ནང་གཉིས་ཀྱི་གནས་སྟངས་ཐོག་གོ་རྟོགས་རྒྱ་ཆེ་ཡོད། དབུས་གཙང་ཆོལ་ཁའི་རྒྱ་ཆེའི་མི་མང་ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༣ པ་དང་ ༡༤ པ་སོ་སོར་འོས་འདེམས་ཀྱིས་ཐུགས་རེ་གནང་དོན་ལྟར་ཐོག་མར་ཇི་ལྟར་དམ་བཅའ་བླངས་པ་དེ་བཞིན་རང་ནུས་གང་ཐུབ་ཀྱིས་ལས་འགན་ཞུས་དང་ཞུ་བཞིན་པ་བཅས།

སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

༄༅། །ཕྱི་ལོ་ ༡༩༦༢ ལོར་བོད་ནས་བྲོས་བྱོལ་གྱིས་ལ་དྭགས་སུ་འབྱོར་རྗེས་རང་གཞུང་ནས་སློབ་གྲྭར་འཇུག་བཞེས་ཀྱིས་མ་སུ་རི་དང་པན་ཇི་མ་རི་སློབ་གྲྭར་བསྐྱོད། ༡༩༧༡ ལོར་སྦེལ་ཀོབ་བདེ་སླར་གཞིས་ཆགས་སུ་འབྱོར་ནས་གཞིས་གྲོང་གི་སྤྱི་མི། རང་བདེན་ཚོགས་ཆུང་དང་། མཉམ་འཐུས། ས་གནས་གཞོན་ནུའི་ཚོགས་གཙོ་བགྲེས་གཞོན། ཉིན་སློབ་ཀྱི་དགེ་རྒན། དགེ་ལུགས་མ་དགོན་གྱི་ལས་དྲུང། མཉམ་འབྲེལ་འཕྲུལ་རྨོས་འགན་འཛིན་བཅས་ཀྱི་ལས་འཁུར་ཞུས་ཤིང། ༡༩༨༣ ལོར་བཙན་བྱོལ་བོད་གཞུང་གི་ཞབས་སྡེར་ཞུགས་ཏེ་ཐོག་མར་ཀོ་ལི་གྷལ་མཉམ་འབྲེལ་དྲུང་ཆེ་དང། རིམ་པའི་ཧོན་སུར་ས་གནས་འགོ་འཛིན། སྦེང་ལོར་ལྷོ་ཕྱོགས་གཞིས་སྤྱི། ༡༩༩༥ ནས་ ༢༠༠༨།༨།༣༡ བར་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཆུང་དང་རྩིས་ཞིབ་དྲུང་ཆེ་བཅས་ཀྱི་ལས་འཁུར་ཞུས་ཡོད་པས། གྲུབ་འབྲས་ཀྱང་མི་དམན་ཙམ་བྱུང་བ་གཞུང་དམངས་ཀྱིས་མཁྱེན་གསལ་རེད། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་སྔོན་འགྲོ་དང་དངོས་གཞིས་གཉིས་ཀར་དབུས་གཙང་མི་དམངས་ཀྱི་གུས་པར་ཡིད་ཆེས་གནང་ཏེ་རང་ཉིད་ཀྱི་རྒྱབ་སྐྱོར་འོས་འཕེན་གནང་བར་བརྟེན། དབུས་གཙང་སྤྱི་འཐུས་མི་འགྲོ་བཅུ་དགོས་པའི་ཁོངས་སུ་ཚུད་ཐུབ་པ་བྱུང་ཡོད། གོང་གསལ་མི་ལོ་ ༣༧ རིང་རང་རེའི་སྤྱི་ཚོགས་ཁྲོད་ཞབས་འདེགས་ཞུས་པའི་མཐོང་ཐོས་མྱོང་གསུམ་གྱི་ཉམས་མྱོང་སྤྱི་དང་ལྷག་པར་དུས་ཡུན་དེའི་རིང་ Isreal དང་ Dehradun མཉམ་འབྲེལ་སྦྱོང་བརྡར་ཁང་དུ་མཉམ་འབྲེལ་འཛིན་སྐྱོང་གི་དམིགས་བཀར་སྦྱོང་བརྡར་དང་དེ་བཞིན་མ་སུ་རི་ LBSA ལྡི་ལི་དང་ཧི་མ་ཅལ་གཞུང་གི་རྒྱ་གར་མཐོ་རིམ་ལས་བྱེད་སྦྱོང་བརྡར་ཁང་བཅས་ཀྱི་ནང་འགོ་ཁྲིད་དང་འཛིན་སྐྱོང་གི་སྦྱོང་བརྡར་ནང་ཉམས་ཞུགས་བྱས། བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་སྤྱི་དང་ལྷག་པར་རྒྱ་བལ་འབྲུག་གསུམ་ནང་གནས་འཁོད་བོད་མིའི་བདེ་སྡུག་གི་གནས་སྟངས་ཞིབ་ཕྲ་ཤེས་རྟོགས་ཡོད་པས།  ལེགས་སྤེལ་ཉེས་འགོག་དང་ལས་དོན་གང་ཅིའི་ཐད་སྟངས་འཛིན་བྱ་རྒྱུར་ཕན་ཐོགས་ཡོང་བའི་རེ་བ་བྱེད་ཀྱིན་ཡོད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོའི་མ་འོངས་མངོན་གཟིགས་ཀྱི་དཀའ་སློབ་ལམ་སྟོན་གཞི་རྩར་བཞག་ཏེ། བོད་མི་མང་སྤྱི་འཐུས་ཀྱི་དམ་འབུལ་ཡིག་ཆའི་འབྲུ་དོན་དང་ནམ་ཡང་མི་འགལ་བ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་བཅས་ཀྱི་ལོ་རྒྱུས་སུ།

Menu