སྐབས་ ༡༥ པའི་གྲོས་ཚོགས་ཚོགས་འདུས་ ༨ པ་ཕྱི་ལོ་ ༢༠༡༤།༩།༡༢ ནས་ ༢༤ བར་འཚོགས་བཞིན་པའི་ལས་ཉིན་བཞི་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།

ཕྱི་ལོ་ ༢༠༡༤ ཟླ་ ཚེས་ ༡༦ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་དབུ་འཛུགས་ཐོག་ཡིག་ཆ་ཨང་ ༢༢ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༢ པའི་དགོངས་དོན་བཞིན་བཀའ་ཤག་སྐབས་བཅུ་བཞི་པའི་ནང་བཀའ་བློན་ཁ་སྐོང་དུ་གཅིག་བསྐོ་བསྩལ་ཆེད་འོས་གཞིར་གྲོས་འདྲི་བ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེརིང་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྙན་སྒྲོན་ཟིན་རྗེས། གྲོས་ཚོགས་ནང་དངོས་གྲུབ་ཚེ་རིང་ལགས་སྤྱི་མོས་ཐོག་བཀའ་བློན་དུ་བདམས་ཐོན་བྱུང་།

དངོས་གྲུབ། 2

ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་བཀའ་བློན་དུ་བདམས་ཐོན་བྱུང་བ།

ཉིན་འདིའི་ལས་རིམ་ ༢ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བདུན་པའི་དགོངས་དོན་ལྟར་བཙན་བྱོལ་བོད་མིའི་རྩིས་ཞིབ་སྤྱི་ཁྱབ་པ་འོས་འདེམས་ཀྱི་འོས་མི་གཉིས་ཀྱི་མཚན་དང་ལོ་རྒྱུས་འདེམས་སྒྲུག་ཚོགས་ཆུང་ནས་ཕུལ་བ་སྤྱི་འཐུས་ཚོགས་གཙོ་མཆོག་གི་སྙན་སྒྲོན་ཟིན་རྗེས། སྤྱི་འཐུས་ཚོགས་གཞོན་བརྩིས་པའི་ངོ་ཡོད་སྤྱི་འཐུས་ ༣༩ ཡིས་འོས་འཕན་གནང་སྟེ། རྩིས་ཞིབ་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས་སུ་འོས་གྲངས་ ༣༦ དང་། ཤེས་རིག་དྲུང་འཕར་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་འོས་གྲངས་ ༣ ཐོབ་པ། རྩིས་ཞིབ་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས་སུ་བོད་མིའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་རྩིས་ཞིབ་པར་བདམས་ཐོན་བྱུང་བ་དཔལ་ལྡན་ཚོགས་གཙོ་མཆོག་ནས་གསལ་བསྒྲགས་གནང་།

mp2

བཙན་བྱོལ་བོད་མིའི་རྩིས་ཞིབ་སྤྱི་ཁྱབ་པ་འོས་འདེམས་གནང་བཞིན་པ།

ཉིན་འདིའི་ལས་རིམ་ ༣ པར། ཡིག་ཆ་ཨང་ ༢༣ པ། སྐུ་ཞབས་ཞི་ཅིང་ཕིང་མཆོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆགས་རྗེས་གནས་ཡུལ་རྒྱ་གར་འཕགས་པའི་ཡུལ་དུ་ཐོག་མར་འབྱོར་གྱི་ཡོད་པར་བརྟེན་བོད་ནང་རྫ་དྲག་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་དཀའ་རྙོག་སེལ་ཐབས་དང་། བོད་དོན་བདེན་མཐའ་གསལ་ཐབས་བཅས་ཀྱི་སྐོར་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱི་དགོངས་ཚུལ་ཇི་ཡོད་ལྷུག་འདོན་ཡོང་སླད་གྲོས་ཚོགས་ནང་བགྲོ་གླེང་དགོས་པའི་གྲོས་འཆར་ཆེད་གཞུང་འབྲེལ་གྲོས་འཆར་ཞིག་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བཏོན་གནང་བ་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་རྒྱབ་སྐྱོར་གནང་། གྲོས་ཆོད་དེ་དང་འབྲེལ་བའི་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་ ༢༨ ཀྱིས་ཆ་ཤེས་བཞེས་ཏེ་དགོངས་ཚུལ་གསུངས་པ་དང་སྦྲགས་བགྲོ་གླེང་ལྷུག་པོར་གནང་།

ཉིན་འདིའི་ལས་རིམ་ ༤ པར། ལས་ཉིན་འདིའི་སྔོན་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༣་་་ ༡༤ ལོའི་ལས་བསྡོམས་སྙིང་བསྡུས་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་གནང་བ་གཉིས་ཀྱི་ཐད་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་ཟིན་པར་དཔལ་ལྡན་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས། སྤྱི་འཐུས་རྒྱུན་ལས་ཀྱིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་ནང་གསལ་དྲི་བ་ཁག་ལ་ལན་འདེབས་གནང་བ་དང།  ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་ ༨ ཀྱིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་། ཕྱི་ཉིན་ལས་དོན་འདིའི་ཐད་མུ་མཐུད་བགྲོ་གླེང་དང་ལན་འདེབས་གསལ་བཤད་གནང་རྒྱུ་བཅས། ལས་ཉིན་བཞི་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།

 

 

 

 

 

 

 

Menu