ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༡ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ཉིན་འདིའི་ལས་རིམ་དབུ་འཛུགས་གནང་བ་དང་སྦྲགས། སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་མཆོག་གིས་ཉེ་དུས་ཕྱི་ཟླ་ ༧ པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནུབ་ཁུལ་ཆིབས་བསྒྱུར་མཛད་སྐབས་ཀྱི་ཐོག་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༤ པ་གནང་བར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ལན་འདེབས་གནང་བ་དང་། དེ་འབྲེལ་སྤྱི་འཐུས་ ༡༢ ཀྱིས་འཕྲོས་དོན་དྲི་བ་གནང་བ་ཁག་སོ་སོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་།
ཡིག་ཆ་ཨང་ ༢༧ པ། ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༤ ་་་ ༡༥ ལོའི་ལས་བསྡོམས་སྙིང་བསྡུས་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་སྙན་སྒྲོན་གནང་བ་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་གིས་སྙན་སྒྲོན་གནང་། སྙན་སྒྲོན་ཟིན་པའི་ལས་བསྡོམས་དང་སྙན་ཐོ་གཉིས་ཀྱི་ཐད་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་སྤྱི་འཐུས་འཇམ་དབྱངས་བཟོད་པ་མཆོག་ནས་བཏོན་གནང་བ་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་དེ་ལ་རྒྱབ་སྐྱོར་གནང་སྟེ་སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་ ༡༡ ཀྱིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་།
ཆུ་ཚོད་ ༡༢།༢༠ ཐོག་གྲོས་ཚོགས་ནང་རྒྱ་གར་གསར་འགོད་པ་མི་ ༥ ད་རེས་གྲོས་ཚོགས་སུ་ཕེབས་ཡོད་པ་དང། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་ལ་ཕེབས་བསུ་དང་གྲོས་ཚོགས་ཚོགས་མི་ཡོངས་ནས་དགའ་བསུ་ཞུས་གནང་།
ཡིག་ཆ་ཨང་ ༣༤ པ། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༤ ་་་ ༡༥ ལོའི་ལས་བསྡོམས་སྙིང་བསྡུས་དཔལ་ལྡན་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་སྙན་སྒྲོན་གནང་བ་དང་། དེའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་སྙན་སྒྲོན་གནང་། སྙན་སྒྲོན་ཟིན་པའི་ལས་བསྡོམས་དང་སྙན་ཐོ་གཉིས་ཀྱི་ཐད་སྤྱི་ཡོངས་བགྲོ་གླེང་དགོས་པའི་གྲོས་འཆར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་བཏོན་གནང་བ་དང་། སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་གིས་དེ་ལ་རྒྱབ་སྐྱོར་གནང་སྟེ་སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་ ༧ གྱིས་ཆ་ཤས་བཞེས་ཏེ་དྲི་བ་དང་དགོངས་ཚུལ་གསུངས་པར་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་བཅས། ད་རིང་ཉིན་དྲུག་པར་གྲོས་ཚོགས་སུ་ལས་རིམ་བསྐྱངས་པའི་གནས་བསྡུས་སུ།།