སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པ་ཕྱི་ལོ་ ༢༠༡༥།༣།༡༦ ནས་ ༢༨ བར་འཚོགས་བཞིན་པའི་ལས་ཉིན་བཅུ་གཉིས་པར་ལས་རིམ་བསྐྱངས་པ་སྙིང་བསྡུས།
ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༨ ཉིན་སྔ་དྲོ་ཕྱག་ཚོད་ ༩།༣༠ ཡི་ཐོག་གྲོས་ཚོགས་ལས་ཉིན་མཐའ་མ་དེ་བཞིན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་དབུ་འཛུགས་ཀྱིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཁག་ཡིག་ཆ་ཨང་ ༥༨ པ་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྙན་སྒྲོན་གནང་བ་དང་། དེ་ལ་སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ་མཆོག་གིས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་ནང་མང་མོས་ཐོག་གཏན་འབེབས་གནང་།
སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་ཡིག་ཆ་ཨང་ ༥༩ པ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་སྙན་སྒྲོན་གནང་བ་དང་། དེ་ལ་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་གིས་རྒྱབ་སྐྱོར་གནང་བ་དང་སྦྲགས་སྤྱི་མོས་ཐོག་གཏན་འབེབས་གནང་།
གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཁག་ཡིག་ཆ་ཨང་ ༦༠ པ་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་སྒྲགས་མཆོག་གིས་སྙན་སྒྲོན་གནང་བ་དང་། དེ་ལ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་ནང་མང་མོས་ཐོག་གཏན་འབེབས་གནང་།
གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༦༡ པ་དང་། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༦༢ ། ༦༣།༦༤། ༦༤༼ཀ༽དང་། ༦༥།༦༦།༦༧།༦༨།༦༩།༧༠ དེ་བཞིན་ཡིག་ཆ་ཨང་ ༧༡།༧༢།༧༣།༧༤།༧༥།༧༦།༧༧།༧༨ པ་བཅས་བརྗོད་པ་གསུམ་པའི་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད།
Initiative of change for life (Asia Plateau) གྱི་ཚོགས་མི་ panchagani. Mr suresh ji དང་། Ms leena khatri ji དེ་བཞིན་ཚོགས་མི་གཞན་ ༩ གྲོས་ཚོགས་ནང་ཕེབས་ཡོད་པ་དང་། སྐབས་དེར་ཚོགས་གཙོ་མཆོག་གིས་ཕེབས་བསུ་དང་སྦྲགས་ཁོང་རྣམ་པའི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་སྟེ་ཚོགས་མི་ཡོངས་ནས་དགའ་བསུ་ཞུས།
དེ་ནས་དཔལ་འབྱོར་ལས་དོན། རྩི་ལོ་ ༢༠༡༤་་༡༥ ལོའི་བསྐྱར་བཅོས་ཡིག་ཆ་ཨང་ ༧༩ པ་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྙན་སྒྲོན་གནང་བ་དང་། དེ་ལ་ཚོད་དཔག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་གིས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་ནང་སྤྱི་མོས་ཐོག་གཏན་འབེབས་གནང་།
རྩི་ལོ་ ༢༠༡༥་་༡༦ ལོའི་གཏོང་ལེན་ཁྲིམས་ཡིག་གི་ཡིག་ཆ་ཨང་ ༨༠ པ་དཔལ་ལྡན་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྙན་སྒྲོན་གནང་བ་དང་། དེ་ལ་ཚོད་དཔག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་མཆོག་གིས་རྒྱབ་སྐྱོར་གནང་སྟེ་སྤྱི་མོས་ཐོག་གཏན་འབེབས་གནང་།
སྤྱི་ལྷན་ཚོགས་དྲུང་སྟོབས་རྒྱལ་མཆོག་ནས་སྤྱི་འཐུས་རྣམ་པའི་དགོངས་ཤོག་ཁག་སྙན་སྒྲོན་གནང་བ་དང་། དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་དུས་ ༩ པའི་མཇུག་བསྡོམས་ཀྱི་གསུང་བཤད་གནང་རྗེས་ཉིན་དགུང་ཚོུད་ ༡༢།༣༠ མ་ཟིན་ཙམ་ལ་བོད་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ པ་གྲོལ་བའི་གསལ་བསྒྲགས་གནང་བ་བཅས། །