སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༡༡ པའི་ལས་རིམ་སྙིང་བསྡུས།

དེ་རིང་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༢ ཉིན་གྲོས་ཚོགས་ལས་ཉིན་མཐའ་མ་དེ་བཞིན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་དབུ་འཛུགས་ཀྱིས་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༣༧ པ་དང་། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༣༨ པ། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་བཟོ་བཅོས་ཁྲིམས་འཆར་ལ་བཟོ་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༣༩ པ། གཞུང་འབྲེལ་སྒྲིག་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༤༠། ༤༡། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ལ་བཟོས་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༤༢། ༤༣། ༤༤། དེ་བཞིན་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ལ་བཟོས་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༤༤། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྱི་ཡིག་ཆ་ཨང་ ༤༥ པ་བཅས་བརྗོད་པ་གསུམ་པའི་ཐོག་སྤྱི་མོས་དང་སུམ་ཆ་གཉིས་ཀྱི་མང་མོས་སོ་སོར་གཏན་འབེབས་གནང་ཡོད།

ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༣།༢༠༡༤ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་གི་ཡིག་ཆ་ཨང་ ༤༦ པ་དང་། དེ་བཞིན་རྩིས་ལོ་ ༢༠༡༤།༢༠༡༥ ལོའི་གཏོང་ལེན་ཁྲིམས་ཡིག་བཅས་སྙན་སྒྲོན་དང་སྦྲགས་སྤྱི་མོས་གཏན་འབེབས་གནང་།

དེ་རྗེས་བོད་མདོ་སྨད་རྔ་པ་ནས་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་དང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱོད་ཀྱི་གྲོས་ཆོད་གྲོས་འཆར་བཅས་སྤྱི་མོས་ཀྱིས་གཏན་འབེབས་གནང་། ཚོགས་དྲུང་ནས་དགོངས་ཤོག་ཁག་སྙན་སྒྲོན་ཞུས། མཐའ་དོན་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་དུས་ ༧ པའི་མཇུག་བསྡོམས་ཀྱི་གསུང་བཤད་གནང་རྗེས་ཉིན་དགུང་ཚོུད་ ༡༢ མ་ཟིན་ཙམ་ལ་བོད་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༧ པ་གྲོལ་བའི་གསལ་བསྒྲགས་གནང་བ་བཅས། །

 

Menu