སྐབས་བཅོ་ལྔ་པའི་སྤྱི་ལྷན་ཚོགས་དུས་དང་པོའི་ཐོག་ཚོགས་གཙོ་མཆོག་གི་དབུ་འཛུགས་གསུང་བཤད།

དཔལ་ལྡན་བཀའ་བློན་ཁྲི་པ་དབུས་པའི་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཙོ་གཞོན་པ་དབུས་པའི་སྤྱི་འཐུས་རྣམ་པ་ཚང་མར་ཚོགས་གཙོའི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།  སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པ་ཚོ་བདམས་ཐོན་དམ་འབུལ་ཞུས་རྗེས། ང་ཚོ་འཛོམས་པའི་ཉིན་དང་པོ་དེ་ཆགས་ཀྱི་ཡོད་རེད། སྤྱི་འཐུས་རྣམ་པ་བརྒྱ་ཆ་ལྔ་བཅུ་ཙམ་སྤྱི་འཐུས་ལྷན་ཚོགས་སུ་ཕྱག་ལས་གནང་ནས་ལོ་མང་པོ་ཕྱིན་ཚར་པ་དང༌།  གཞན་བརྒྱ་ཆ་ལྔ་བཅུ་ཙམ་མི་མང་གིས་འོས་འདེམས་བྱུང་ནས། ད་ལྟ་གྲོས་ཚོགས་སུ་གསར་པ་ཕེབས་ཡོད་རེད།  དེ་ཡང་ལོས་རྒྱུས་ཀྱི་དཀྱོགས་མཚམས་ཤིག་དང༌།  ལེའུ་གསར་པ་ཞིག  ལས་འགན་སྔོན་མ་དང་མི་འདྲ་བར་ཆེ་བ་ཞིག་ཡོད་པའིསྐབས་སུ་ཕེབས་བསྡད་ཡོད་སྟབས།  ཚོགས་གཙོས་རེ་བ་ཞུ་རྒྱུ་ཞིག་ནི།  ང་ཚོ་མང་གཙོའི་ལམ་སྲོལ་ཐོག་བསྐྱོད་ནས་ལོ་ལྔ་བཅུ་ལྷག་ཙམ་འགྲོ་བཞིན་ཡོད་པ་རེད།  ད་རེས་ཀྱི་སྤྱི་འཐུས་རྣམ་པ་ཚོ་ལ་མཚོན་ན། ཤེས་ཡོན་དང༌། འཇོན་ཐང༌། ཉམས་མྱོང་གང་ཅིའི་ཐོག་ནས་སྔར་དང་མི་འདྲ་བ་བསླེབས་ཡོད་རེད།  དེ་འདྲ་ཡིན་སྟབས། སྐབས་བཅོ་ལྔ་པའི་གྲོས་ཚོགས་འདིའི་ཐོག་ནས་གྲོས་ཚོགས་ཀྱི་གནས་ཚད་མཐོ་རུ་འགྲོ་གི་རེད་བསམ་པའི་རེ་བ་ཞུ་གི་ཡོད་ལ། སྤྱི་འཐུས་རྣམ་པ་ཚོས་ཀྱང་འབད་བརྩོན་དེ་ལྟར་གནང་གི་རེད་བསམ་གྱི་ཡོད།  གྲོས་ཚོགས་འདིའི་ནང་དུ་གླེང་སློང་བྱེད་རྒྱུ་མང་ཆེ་བ་ཞིག བོད་པའི་ཆོས་དང་རིག་གཞུང༌། ཤེས་ཡོན།  དེ་ག་ནང་བཞིན་ཆབ་སྲིད་ཀྱི་སྐོར་ལ་གལ་ཆེ་ཤོས་ཤིག་ཆགས་བསྡད་ཡོད་རེད།  རྒྱ་ནག་ནང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང༌། བོད་ནང་གི་གནས་སྟངས།  རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ཀྱི་རྐྱེན་པས་བོད་ཀྱི་གནད་དོན་ལ་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ཀྱི་ཡོད་མེད་ཀྱི་སྐོར་ལ་ཚང་མས་ཐུགས་སྣང་གནང་དགོས་པའི་དོན་གནད་གཅིག་དང༌།  འཛིན་སྐྱོང་གི་ངོས་ནས་ཡིན་ན། བཙན་བྱོལ་ནང་དུ་ཡོད་པའི་གཞིས་ཆགས་ཁག་རྣམས་སྲ་བརྟན་ཡོང་རྒྱུ་དང༌། དེ་ག་ནང་བཞིན་གཞིས་ཆགས་ཁག་གི་ནང་མང་གཙོའི་འཕེལ་རིམ་དང༌། ཆབ་སྲིད་ཀྱི་གོ་རྟོགས། ཤེས་ཡོན་གྱི་གནས་ཚད་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་ལས་དོན་མང་པོ་ཞིག་ཆགས་བསྡད་ཡོད་རེད། དཔལ་འབྱོར་གྱི་ཐོག་ནས་ཡིན་ན། གྲོས་ཚོགས་འདིའི་ཐོག་ནས་སྟངས་འཛིན་གནང་དགོས་པ་ཞིག་དང༌། དཔལ་འབྱོར་སྟངས་འཛིན་གནང་བའི་བརྒྱུད་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་གང་ཡོད་པ་ཚང་མ་གྲོས་ཚོགས་འདིར་འགན་འཁུར་དགོས་ཀྱི་ཡོད་རེད།  དེ་འདྲ་ཡིན་སྟབས། གནས་ཚུལ་དངོས་ཡོད་གང་ཡིན་པ་རྣམས་ཤེས་པའི་ཐོག་ནས་གྲོས་ཚོགས་ནང་དུ་བཀའ་མོལ་གནང་དགོས་པ་དེ་གལ་ཆེ་པོ་ཆགས་བསྡད་ཡོད་རེད།  དངོས་ཡོད་གནས་སྟངས་ལ་གཞི་མ་བཅོལ་བའི་ཐོག་ནས་བཀའ་མོལ་གནང་ཡོང་ན། རང་བཞིན་གྱིས་གྲོས་ཚོགས་ཀྱི་ཆེ་མཐོང་དང་གཟུགས་བརྙན་ལ་སྐྱོན་ཆེན་པོ་འགྲོ་གི་ཡོད་པ་དེ་གསལ་པོ་རེད།  དེས་ན། ད་རེས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚང་མ་འདིར་འཛོམས་ཐུབ་ཡོད་རེད། མ་འོངས་པར་ཡང་འདི་ནང་བཞིན་འཛོམས་པའི་རེ་བ་བྱེད་བཞིན་ཡོད།  གང་ཡིན་ཟེར་ན། སྤྱི་འཐུས་ལངས་པའི་སྐབས་སུ་འགན་ཞིག་འཁུར་གྱི་ཡིན་ཟེར་ནས་ལངས་ཀྱི་ཡོད་རེད།  སྤྱི་འཐུས་ཐོབ་ཡོང་སྐབས་གྲོས་ཚོགས་སུ་བཅར་དང་མ་བཅར་སོགས་ཀྱི་གནས་སྟངས་ཆགས་ཀྱི་ཡོད་སྟབས།  ཁྲིམས་སྒྲིག་གཏན་འབེབས་བྱེད་རྒྱུས་གཙོས་འཛིན་སྐྱོང་ལ་སྟངས་འཛིན་བྱ་རྒྱུ་ལ་འཐུས་ཤོར་མང་པོ་ཞིག་འགྲོ་གི་ཡོད་པ་གསལ་པོ་རེད།  དེ་འདྲ་ཡིན་པར་བརྟེན།  སྤྱི་འཐུས་རྣམ་པ་ཚོས་རྒྱུན་དུ་ཆབ་སྲིད་གཙོ་བོར་གྱུར་པའི་རྒྱ་ནག་དང༌། རྒྱལ་སྤྱིའི་གནས་སྟངས་སོགས་ལ་ཐུགས་སྣང་གནང་པའི་ཐོག་ནས། འཛིན་སྐྱོང་དང་དཔལ་འབྱོར་སྟངས་འཛིན་གྱི་འགྲོ་ལུགས་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་ནས། སྒྲིག་གཞི་དང་མཐུན་པ་དང༌། གྲོས་ཚོགས་ནང་དུ་བཀའ་མོལ་གནང་པའི་སྐབས་ཡིན་ན་ཡང༌། སྔོན་མ་དཀའ་ངལ་ཅུང་ཙམ་འཕྲད་ཡོད་རུང༌།  ད་ཆ་ཚད་དང་ལྡན་པ་ཞིག་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ང་ཚོ་ཚང་མ་མི་མང་གིས་བདམས་ནས་འདིར་བསླེབས་བསྡད་ཡོད་པར་བརྟེན། གནད་དོན་ཇི་ལྟར་ཆེན་པོའི་ཐོག་ཏུ་འགྲོ་གི་ཡོད་ན་ཡང༌། བཀའ་མོལ་གནང་སྟངས་ལ་བལྟས་ནས་མི་མང་ནང་ནས་བསམ་ཚུལ་འདྲ་མིན་ཡོང་གི་ཡོད་རེད།  བཀའ་མོལ་ཞི་འཇམ་གྱི་སྒོ་ནས་གནང་དགོས་རྒྱུ་དང༌། ང་རང་གི་ངོས་ནས་ཡིན་ན་ཡང་སྐབས་བཅོ་ལྔ་པའི་དུས་ཡུན་འདིའི་རིང་ལ། རླུང་སྟོན་མི་དགོས་པའི་ཐོག་ནས་སྟངས་འཛིན་བྱེད་རྒྱུའི་འབད་བརྩོན་ཆ་ཚང་ཞིག་ཞུ་རྒྱུ་ཡིན།  ད་ལྟའི་བཀའ་བློན་ཁྲི་པ་རིན་པོ་ཆེ་གྲོས་ཚོགས་ཀྱི་ཚོགས་དུས་སུ་ཕེབས་པ་མཐའ་མ་ཆགས་ཀྱི་ཡོད་རེད། ད་ལྟ་ང་ཚོ་གྲོས་ཚོགས་ཀྱི་འགྲོ་ལུགས་ཏོག་ཙམ་མ་འགྲིག་པ་བཟོ་འདྲ་བྱུང་བ་ཡིན་ན། རིན་པོ་ཆེས་ཡོ་བསྲང་བྱ་རྒྱུའི་ཆེད་དུ་ལམ་སྟོན་གནང་གི་ཡོད་རེད། ང་ཚོའི་གྲོས་ཚོགས་འདི་ཚད་དང་ལྡན་པ་བྱུང་ཡོད་པ་དེ། རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། མ་འོངས་པར་རིན་པོ་ཆེ་གྲོས་ཚོགས་འདིར་ཕེབས་ཀྱི་མེད་སྟབས། ང་ཚོ་རང་མགོ་ཐོན་པ་ཞིག་དང་འགྲོ་ལུགས་གང་ཅིའི་ཐད་ནས་ཚད་དང་ལྡན་པ་ཞིག་གི་ཐོག་ཏུ་ཤུགས་རྒྱག་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད།  ཚོགས་གཙོ་སྦྲེལ་པོའི་ངོས་ནས་ཐབས་ཤེས་གང་གཟབ་གཟབ་ཅིག་དང༌། གང་ཐུབ་ཐུབ་ཅིག་འབད་བརྩོན་ཞུ་རྒྱུ་ཡིན།  དེ་ག་ནང་བཞིན་སྤྱི་འཐུས་རྣམ་པ་ཚོས་ཚོགས་གཙོ་གཉིས་ལ་མཐུན་འགྱུར་ཡོང་རྒྱུའི་རེ་བ་ཞུ་གི་ཡོད། ཏན་ཏན་གནང་གི་རེད་བསམ་གྱི་འདུག ང་རང་ཚོ་འདིར་འཛོམས་དགོས་རྒྱུ་དེ་སྒེར་གྱི་དོན་དག་མ་རེད། བོད་སྤྱི་དང་རྩ་དོན་གྱི་དོན་དག་ཡིན་སྟབས། ང་རང་ཚོ་ཚང་མས་ཧུར་ཐག་འབད་ཐག་གིས་འགན་ཁུར་ཏེ་ནུས་པ་ཞིག་འདོན་དགོས་པ་དང༌། ཆུང་ཙག་ཙམ་མ་འགྲིག་པ་ཡོང་སྲིད་ཀྱི་རེད་དེ། ཆེ་ས་ལ་རྡོག་རྩ་ཆིག་བསྒྲིལ་གནང་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཆུང་ཙག་གི་དོན་གནད་ཀྱི་རྐྱེན་པས་སོ་སོ་འོས་འདེམས་བྱེད་མཁན་མང་ཚོགས་དང༌། ལྷག་པར་དུ་བོད་ནང་དུ་ཡོད་པའི་གཞིས་ལུས་རྒྱ་ཆེ་མི་མང་ཚོའི་སེམས་ཤུགས་ཆག་རྒྱུའི་གཞི་རྩ་གྲོས་ཚོགས་འདི་ནས་མི་བཟོ་བའི་རེ་བ་རྒྱག་གི་ཡོད། དེ་འདྲ་ཡིན་སྟབས། ད་ལྟ་གྲོས་ཚོགས་འཚོགས་རྒྱུའི་དུས་ཚོད་དེ་རྣམ་པ་ཚོས་མཁྱེན་མཁྱེན་པ་རེད།  ྋརྒྱལ་བ་རིན་པོ་ཆེས་དུན་ཡུན་རིང་པོ་ལོ་བཞི་བཅུ་དང་ལྔ་བཅུའི་ནང་དུ་གྲ་སྒྲིག་གནང་ནས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་དེ་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་རྣམ་པར་རྩིས་སྤྲོད་གནང་རྒྱུའི་སྐོར་གྲོས་ཚོགས་སུ་གསུང་འཕྲིན་ཕེབས་པ་ལྟར། བགྲོ་གླེང་བྱས་ནས་གྲོས་ཆོད་རིམ་པ་ཁག་ཁ་ཤས་ཤིག་བཞག་པ་དང༌།  ལྷག་པར་དུ་སྐབས་བཅུ་བཞི་པའི་གྲོས་ཚོགས་འཕར་མའི་སྐབས་སུ་བཅའ་ཁྲིམས་བསྐྱར་བཅོས་བྱས། ཕྱི་ཟླ་ ༥ ཚེས་ ༢༩ ཉིན་ྋརྒྱལ་བ་རིན་པོ་ཆེས་མཚན་རྟགས་བཀོད་པ་ནས་བཟུང་བོད་གཞུང་དགའ་ལྡན་ཕོ་བྲང་གི་མཇུག་རྫོགས་པའི་མཚམས་ཤིག་ལ་བསླེབས་བསྡད་ཡོད་རེད།  དེང་དུས་མང་གཙོའི་ལམ་ལུགས་ཀྱི་འགྲོ་སྟངས་དང་མཐུན་པ་ཞིག་གི་སྒང་ལ་འགྲོ་བཞིན་ཡོད་རེད། དེ་ལྟ་བུར་བྱས་པའི་བརྒྱུད་རིམ་ཚང་མ་ཞུ་མ་དགོས་པ་རེད། ང་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་ནས་བྱས་བཞག་པ་ཞིག་རྩ་བ་ཉིད་ནས་མ་རེད། ཡིན་ན་ཡང༌། ྋརྒྱལ་བ་རིན་པོ་ཆེས་དགག་དགོས་རྒྱུ་མཚན་དང་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་པར་བཞེས་ནས་བཀའ་གནང་པ་དང༌། སྐབས་བཅུ་བཞི་པའི་གྲོས་ཚོགས་ལ་འགན་བསྐུར་བ་ནང་བཞིན། སྐབས་བཅུ་བཞི་པའི་གྲོས་ཚོགས་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་ཡོངས་རྫོགས་བསྒྲུབས་ཚར་པ་རེད།  ང་ཚོར་སྔར་དང་མི་འདྲ་བའི་ལས་འགན་གསར་པ་ཞིག་སླེབས་ཡོད་རེད་དྲན་གྱི་ཡོད།  གྲོས་ཚོགས་ཀྱི་ངོས་ནས་ཡིན་ན་ཡང༌། བཅའ་ཁྲིམས་ནང་དུ་གྲོས་ཚོགས་ལ་བསྐུར་བའི་ལས་འགན་རྣམས་ཆ་ཚང་ཞིག་སྒྲུབ་ཐུབ་པ་ཞིག་དང༌། གྲོས་ཚོགས་ཕྱི་ལ་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ནང་དུ་བོད་དོན་གྱི་ཐོག་ཏུ་རྒྱབ་སྐྱོར་འཐོབ་རྒྱུའི་ལས་འགུལ་གང་མང་མང་ཞིག་དང་གང་ཐུབ་ཐུབ་ཅིག་སྤེལ་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཡོད་རེད།  དེ་འདྲ་ཡིན་སྟབས། ང་ཚོས་སེམས་ནང་སྡུག་བསྔལ་ཞིག་དང་མཉམ་དུ་ྋརྒྱལ་བ་རིན་པོ་ཆེའི་དགོངས་བཞེད་སྒྲུབ་པའི་ཐབས་ཤེས་ཤིག་བྱས་པ་རེད།  དེའི་ལེའུ་ཚར་པ་རེད། ད་ལྟ་ལས་འགན་གསར་པ་ཞིག་ཡོད་བསམ་ནས་ང་ཚོས་འགན་འཁུར་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད་ཅེས་ཞུ་རྒྱུ་དང༌།  ད་རེས་ང་ཚོས་གྲོས་ཚོགས་ཉིན་གཉིས་ཀྱི་མཛད་རིམ་ཞིག་བཟོས་བཞག་ཡོད་རེད།  ཉི་མ་གཉིས་དེའི་ནང་དུ། གཙོ་བོར་བོད་ནང་གི་ཆབ་སྲིད་སྤྱི་དང་ལྷག་པར་དུ་ཀིརྟི་དགོན་པའི་གནས་ཚུལ་དེ་ད་ལྟ་ཡིན་ན་ཡང་ཛ་དྲག་པོ་ཞིག་ཏུ་གནས་བསྡད་ཡོད། ཁ་སང་ད་ལྟའི་བར་གྱི་གནས་ཚུལ་ཆ་ཚང་གང་འདྲ་ཞིག་ཆགས་ཡོད་མེད་ཀྱི་སྐོར་ལ་སྐད་ཆ་ཞིག་དྲིས་པ་ཡིན།  གནས་ཚུལ་ཛ་དྲག་མུ་མཐུད་གནས་བསྡད་ཡོད་པར་བརྟེན། ད་ལྟའི་གྲོས་ཚོགས་འདིའི་ནང་ལ་ཆབ་སྲིད་ཀྱི་སྐོར་ལ་བགྲོ་གླེང་བྱ་རྒྱུ་ཞིག་དང༌། བཅའ་ཁྲིམས་བསྐྱར་བཅོས་ཀྱི་རྐྱེན་པས་སྒྲིག་གཞི་ཁག་ཚང་མར་བསྐྱར་བཅོས་ཤིག་བྱེད་དགོས་ཀྱི་ཡོད་རེད།  དེའི་ཆེད་དུ་ཚོགས་ཆུང་འཛུགས་རྒྱུ་དང༌། གྲོས་ཚོགས་འདི་ཚར་པའི་རྗེས་ལ། སྤྱི་འཐུས་རྣམ་པ་ཚོ་འཚམས་འདྲིའི་གཟིགས་སྐོར་ལ་ཕེབས་དགོས་རྒྱུའི་ལུགས་སྲོལ་ཞིག་སྔོན་མ་ནས་ཡོད་རེད།  དེ་འདྲ་ཡིན་སྟབས། སྤྱི་འཐུས་རྣམ་པ་ཚོ་བགོ་བཤའ་བརྒྱབ་ནས་རྒྱ་བལ་འབྲུག་གསུམ་གྱི་བོད་མི་འདུས་སྡོད་ས་གནས་ཁག་ལ་ཕེབས་དགོས་ཀྱི་ཡོད་པར་བརྟེན།  ད་རེས་ཀྱི་བྱུང་རིམ་དང་བཅའ་ཁྲིམས་ནང་བསྐྱར་བཅོས་ཕྱིན་པའི་གནད་དོན་སོགས་ཀྱི་སྐོར་མི་མང་ལ་ྋརྒྱལ་བ་རིན་པོ་ཆེས་བཀའ་གནང་བ་རེད་ཅེས་དེ་ཙམ་གྱི་སྒང་ལ་གཡུག་མ་བཞག་པར།  དེའི་རྒྱབ་ལོགས་ཀྱི་གནད་དོན་རྒྱུ་མཚན་ག་རེ་ཆགས་ཡོད་མེད་ཆ་ཚང་ངོ་སྤྲོད་བྱེད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་དང་འབྲེལ་བའི་གསལ་བཤད་ཅིག་བཀའ་ཤག་གིས་གནང་གི་རེད།  དེ་ཚོ་ལས་དོན་གྱི་ནང་གི་གཙོ་བོ་ཆགས་བསྡད་ཡོད།  སྐབས་བཅོ་ལྔ་པའི་སྤྱི་འཐུས་ཡོད་མཁན་ཚང་མ་ཧྲག་ཧྲག་འདིར་འཛོམས་བསྡད་ཡོད་རེད། མ་འོངས་པར་ཡིན་ན་ཡང༌། བསྐྱར་དུ་འབོད་སྐུལ་ཞུ་མ་དགོས་པའི་ཐོག་ནས་ཚང་མས་ང་ཚོར་ལས་འགན་བསྐུར་བ་ནང་བཞིན་སྒྲུབ་དགོས་པ་དང༌། གྲོས་ཚོགས་ཀྱི་ལས་འགན་གང་ཡིན་པ་སྔ་ས་ནས་གཏན་འཁེལ་འགྲོ་གི་ཡོད་པས།  དུས་ཚོད་དེ་རྩ་བ་ཆེན་པོར་བརྩིས་ནས་གྲོས་ཚོགས་སུ་བཅར་དགོས་པ་དེ་གལ་ཆེན་པོ་རེད།   དེ་ག་རང་གནང་རོགས། བཀྲ་ཤིས་བདེ་ལེགས

Menu