སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད།

དེ་རིང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་མཐའ་མ་དེ་ཆགས་ཡོད།  ཁ་སང་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་ནང་ལ་དེ་རིང་གི་གཏམ་བཤད་དང་ལས་རིམ་འདི་དག་ཚང་མ་དོན་སྙིང་ལྡན་པ་ཞིག་ཡོང་བའི་རེ་བ་ཞུས་པ་ཡིན།  དེ་ཞུས་པ་ནང་བཞིན་དཔལ་ལྡན་བཀའ་བློན་ཁྲི་པས་དབུས་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་གཞོན་པས་དབུས་སྤྱི་འཐུས་རྣམ་པ་བཅས་ཚོགས་ཁང་ར་བ་འདིར་བཞུགས་པའི་འཐུས་མི་ཚང་མས་ཚོར་བ་ཆེན་པོ་དང་ཐུགས་འཁུར་ཆེན་པོའི་ཐོག་ནས་གྲོས་ཚོགས་ཀྱི་ལས་རིམ་ནང་ལ་གཉམ་ཞུགས་གནང་བ་དང་། གཉམ་ཞུགས་གནང་བ་ཙམ་མ་ཟད།  དོན་སྙིང་ལྡན་པའི་གནད་དོན་ཁག་མང་པོ་ཞིག་ལ་བགྲོ་གླེང་དང་ཐག་བཅོད་བྱུང་སོང་། དེ་ཡིན་དུས་དཔལ་ལྡན་དཀའ་བློན་ཁྲི་པས་དབུས་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་གཞོན་པས་དབུས་སྤྱི་འཐུས་རྣམ་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུའི་འདོད་པ་བྱུང་སོང་། དེ་རིང་གྲོས་ཚོགས་ཀྱི་ལས་རིམ་ནང་ལ་ཕལ་ཆེར་རྗེས་དྲན་གྲོས་ཆོད་མང་ཤོས་ཤིག་ཆགས་བསྡད་ཡོད་རེད།   རྗེས་དྲན་གྲོས་འཆར་དེ་ཡང་བོད་ནང་ཛ་དྲག་གི་གནས་སྟངས་དང་འབྲེལ་བ་ཡོད་པ་ཆགས་ཡོང་དུས། གྲོས་ཚོགས་ཚོགས་བཞིན་པའི་སྐབས་ལ་བོད་ནང་ཛ་དྲག་གི་གནས་སྟངས་བྱུང་བཞག་པ་སོགས་ཀྱིས་གནས་སྟངས་དེ་འདྲའི་འོག་ནས་རྗེས་དྲན་གྲོས་འཆར་སྔར་དང་མ་འདྲ་བ་མང་པོ་ཞིག་བྱུང་ཡོད་རེད།  དེས་བོད་ནང་གི་གནས་སྟངས་དེ་རྗེས་དྲན་གྲོས་འཆར་དེ་ནས་གསལ་ཐུབ་པའི་ལས་རིམ་གཅིག་རེད། ཉིན་དང་པོ་དེར་བོད་ནང་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་ཐོག་ནས་ཆབ་སྲིད་ཀྱི་བགྲོ་གླེང་ཞོགས་པ་ཆུ་ཚོད་ ༩།༣༠ ནས་དགོངས་དྲོ་ཆུ་ཚོད་ ༩།༠༠ པའི་བར་དུ་འཚོགས་པ་རེད། དེའི་བར་ལ་ཚོགས་འདུ་མཚམས་འཇོག་གི་གྲོས་འཆར་ཐོག་ལའང་བསྐྱར་དུ་བགྲོ་གླེང་གནང་བ་རེད། ད་ལྟ་བཀུར་འོས་སྤྱི་འཐུས་མང་པོ་ཞིག་གིས་གསུངས་པ་ནང་བཞིན།  ང་ཚོའི་ལས་རིམ་ནང་འཆར་ཅན་གྱི་ལས་རིམ་དེ་ཚོ་ཕར་བཞག་ནས། ད་རེས་གྲོས་ཚོགས་འདི་འགོ་འཛུགས་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་ནས་འགོ་འཛུགས་ཞུས་པ་དང་། གྲོས་ཚོགས་ཀྱི་ཉིན་མཐའ་མར་ཡང་བོད་ནང་ཛ་དྲག་གི་གནས་སྟངས་ཐོག་ལཟུར་སྣོན་གྲོས་ཆོད་གྲོས་འཆར་བཞག་སྟེ་མཇུག་བསྡུས་པ་རེད།  དེ་ཚོའི་ཐོག་ལ་བགྲོ་གླེང་ཆ་ཤས་ལེན་པའི་སྐབས་ལ་གནད་དོན་གལ་ཆེན་མང་པོ་ཞིག་གསུངས་ཡོད་རེད།  གོང་དུ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་གསུངས་པ་ནང་བཞིན་གྲོས་ཚོགས་ཀྱི་ལམ་སྟོན་དང་།  གྲོས་ཚོགས་ཀྱི་དགོངས་ཚུལ་གསུངས་བཞག་པ་དེ་ཚོ་མང་པོ་ཞིག་བཀའ་ཤག་ལ་ཕན་ཐོགས་ཡོད་པ།   ང་ཚོ་ནམ་རྒྱུན་ལས་ཀ་བྱེད་མཁན་ལ་ཕན་ཐོགས་ཡོད་པ་སོགས་མང་པོ་ཞིག་གིས་བཀའ་གནང་སོང་།  ད་ལྟའི་གྲོས་ཚོགས་ནང་ལ་སྤྱི་འཐུས་མང་པོས་བཀའ་གནང་བ་ནང་བཞིན་བྱས་ནས།  མཐའ་མ་གྲོས་ཚོགས་འདི་གྲོལ་བའི་རྗེས་སུ་ལས་དོན་དེ་བསྒྲུབ་རྒྱུའི་ཆེད་དུ་ག་རེ་བྱེད་ཀྱི་རེད་ཟེར་བ་དེ་བསླེབས་ཡོང་བཞིན་ཡོད་རེད།  གྲོས་ཚོགས་ནང་ལ་བཀའ་མོལ་གསུངས་པ་ནང་བཞིན།  དེ་རིང་མར་ཕྱིན་ནས་ང་ཚོས་ལས་འགུལ་སྤེལ་བའི་སྐབས་སུ་སྤྱི་འཐུས་རྣམ་པ་ཚོ་ཚང་མས་མཉམ་ཞུགས་གནང་བའི་རེ་བ་ཞུ་བཞིན་ཡོད།  ཚོགས་ཆུང་ནང་ལ་བཀོད་སྒྲིག་ཞུས་པ་ཡིན་ན་ཞུགས་ཐུབ་པ་དང་།   ཕར་ཚུར་རྒྱུགས་དགོས་ནའང་རྒྱུགས་ཐུབ་པའི་གནས་སྟངས་ཤིག་བཟོ་དགོས་པ་དེ་གལ་ཆེན་པོ་རེད། དེ་དོན་ཚན་གཅིག་དང་འབྲེལ་བའི་ཐོག་ནས་རེད།  གཉིས་པ་དེ། ཆབ་སྲིད་དང་འབྲེལ་བའི་ཐོག་ནས་གནད་དོན་མང་པོ་ཞིག་ད་ལྟ་གྲོས་ཚོགས་ཀྱི་ར་བ་འདིའི་ནང་ལ་བགྲོ་གླེང་གནང་བའི་སྐབས་ལ་བཀུར་འོས་སྤྱི་འཐུས་རྣམ་པ་བཞི་བཅུའི་གསུང་བཤད་གནང་བཞག་པ་དང་། དཔལ་ལྡན་བཀའ་ཤག་ནས་གསུང་བཤད་གནང་བཞག་པ་དེ་དག་གིས་ཕྱི་ནས་གོ་ཐོས་བྱས་པ་ལྟར་ན། གྲོས་ཚོགས་ཀྱི་ལས་རིམ་འདི་ལ་ཐུགས་སྣང་གནང་མཁན་མང་དུ་ཕྱིན་ཡོད་པའི་གནས་ཚུལ་འདུག   དེ་ཚོ་མང་གཙོ་འཕེལ་རིམ་གྱི་གནས་བབ་ཐོག་ལ་བཤད་པ་ཡིན་ན། བཟང་ཕྱོགས་ཀྱི་གནས་བབ་ཞིག་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ག་རེ་ཡིན་ནའང་།  ཕྱི་གསལ་ནང་གསལ་ཐོག་ནས་བྱེད་པ་དང་། མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོས་མི་མང་གིས་རེ་བ་བརྒྱབ་པ་ནང་བཞིན་འགྲུབ་འདུག་དང་མི་འདུག་དཔྱད་ཞིབ་བྱེད་སའི་སྡིངས་ཆ་གཙོ་བོ་ཞིག་ཆགས་ཡོད་རེད། ཆབ་སྲིད་ཀྱི་ཐོག་ལ་བཀའ་མོལ་གནང་བའི་སྐབས་སུ།  གོང་དུ་མང་པོ་ཞིག་གིས་གསུངས་པ་ནང་བཞིན་བྱས་ནས།  དེའི་ནང་ལ་བསམ་ཚུལ་ཧ་ཅང་མང་པོ་ཞིག་སྤུངས་ཡོད་རེད།  བོད་ནང་དུ་གནས་སྟངས་ཀྱི་ཐོག་ལ་སོ་སོས་ནམ་རྒྱུན་ཐུགས་སྣང་ཞེ་དྲགས་མེད་པ་ཡིན་ན།  དེ་རིང་གྲོས་ཚོགས་ཀྱི་ལས་རིམ་འདི་དག་གཟིགས་པ་ཡིན་ན།  སྤྱི་འཐུས་སུ་དང་སུས་ག་རེ་གསུངས་ཡོད་པ་དེ་དག་ཚང་མ་ཕྱོགས་བསྡོམས་བྱས་པ་ཡིན་ན།   བོད་ནང་ལ་རྒྱ་ནག་གིས་སྲིད་བྱུས་ག་རེ་གཟུང་བཞིན་ཡོད་པ་དང་།  ཆབ་སྲིད་ཀྱི་གནས་སྟངས་ག་རེ་ཆགས་བསྡད་ཡོད་པ་སོགས་ཆ་ཚང་ཞིག་རྟོགས་ཐུབ་པའི་གནས་བབ་ལ་བསྒྱུར་ཐུབ་པ་ཞིག་རེད། མི་མང་ཚོར་ཐད་ཀར་རྒྱང་བསྲིང་བྱེད་རྒྱུ་མ་རག་པ་དེ་ཚོ་ཡིན་ནའང་།  གྲོས་ཚོགས་ལས་རིམ་དེ་ཚོ་ས་གནས་ལ་མར་བཀྲམས་ཡོང་བའི་སྐབས་ལ་ཚང་མས་ག་ཚད་ཐུབ་ཐུབ་ཞིག་གཟིགས་ཐུབ་པ་ཡིན་ན།  མི་མང་སྤྱི་ཡོངས་ལ་ཆབ་སྲིད་ཀྱི་གོ་རྟོགས་ཤུགས་ཆེན་པོ་ཆགས་པ་དེ་བཤད་མ་དགོས་པ་ཞིག་རེད།  དེ་བཞིན་སྤྱི་འཐུས་རྣམ་པ་ཚོ་དང་ལྷག་པར་དུ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས།  དེ་རིང་གི་ལས་རིམ་ནང་ཆ་ཤས་ལེན་པའི་སྐབས་ལ་རྒྱ་ནག་སྤྱི་ཡོངས་ཀྱི་གནས་སྟངས་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས། བོད་ཀྱི་གནས་སྟངས་གང་འདྲ་ཞིག་ལ་བསླེབས་འདུག   དེའི་ཐོག་ལ་འགྲེལ་བཤད་མང་པོ་ཞིག་བསྐྱོན་ཡོད་རེད།   དེ་ཚོ་ཡིན་ནའང་སོ་སོ་གཅིག་པུས་མགོ་འཚོས་རྒྱུ་ཙམ་མ་ཡིན་པར།   མི་གཞན་པ་ཚོ་ལ་གསལ་པོ་བཟོ་ཐུབ་པའི་གནས་ཚུལ་མང་པོ་ཞིག་གིས་བཀའ་གནང་ཡོད་རེད།  དེ་དག་ད་ལྟ་སྤྱི་འཐུས་རྣམ་པ་རིམ་པས་སོ་སོའི་ས་གནས་ལ་ཕེབས་པའི་སྐབས་ལ་མི་མང་ཚོར་ག་ཚད་ཐུབ་ཐུབ་ཞིག་གྲོས་ཚོགས་ཀྱི་ལས་རིམ་རྒྱུད་ནས་མཁྱེན་ཐུབ་པ་ཞིག་དང་།  སྤྱི་འཐུས་རྣམ་པ་ཚོ་མར་ས་གནས་སུ་ཕེབས་པའི་སྐབས་ལ།   དེ་དག་གསལ་བཤད་བྱེད་ཐུབ་པ་ཡིན་ན།  ཐུགས་ཕན་སོས་ངེས་རེད་ཅེས་ཞུ་རྒྱུ་གཅིག་དེ་ཡིན།  དེ་ནས་སྔོན་རྩིས་ཀྱི་ལས་རིམ་ལ་ང་ཚོས་དུས་ཚོད་གང་ལ་གང་འཚམས་ཤིག་བཏང་པ་རེད།  དེའི་སྐབས་ལ་བཀུར་འོས་སྤྱི་འཐུས་རྣམ་པའི་དགོས་པ་དང་རྒྱུ་མཚན་ལྡན་པའི་དགོངས་ཚུལ་རིམ་པར་གསུངས་པ་རེད། བཀའ་ཤག་སྐབས་བཅུ་བཞི་པ་སྤྱི་འཐུས་གྲོས་ཚོགས་ལ་རེས་ཐེངས་གཉིས་པ་ཕེབས་པ་རེད། དེ་བས་སྤྱི་འཐུས་རྣམ་པ་ཚོས་གནད་དོན་གང་ཞིག་ལ་བགྲོ་གླེང་དང་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་མེད་ཐད་ལ་བཀའ་ཤག་གིས་གསལ་པོ་མཁྱེན་པ་དང་།   དེ་བཞིན་སྔོན་རྩིས་བགྲོ་གླེང་སྐབས་ལའང་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གཙོས་ཕན་ཚུན་བགྲོ་གླེང་གསལ་བཤད་ཀྱི་ལམ་ནས་གནད་དོན་མང་པོ་ཞིག་གྲོས་ཚོགས་འདི་བརྒྱུད་ནས་གསལ་པོར་བཟོས་ཡོད་པ་དེ་ས་གནས་སོ་སོར་བརྒྱུད་བསྒྲགས་བྱེད་དགོས་པ་གལ་ཆེན་པོ་རེད། དེ་ནས་སྔོན་རྩིས་དང་འབྲེལ་བའི་སྐོར་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་གསུང་བཤད་བཅས་སྔོན་རྩིས་ཕྱག་དེབ་ནང་གསལ་བ་བཞིན།  སྤྱི་འཐུས་རྣམ་པ་ཚོས་ཀྱང་རང་རང་ས་བགོས་ཀྱི་ས་གནས་ལ་ལས་འཆར་ག་རེ་ཡོད་པ་རྟོགས་ཐུབ་པའི་ཕན་ཐོགས་ཡོད་པ་རེད།  ས་གནས་ཁག་ལ་ཕེབས་པའི་སྐབས་སུ་དངུལ་གྱི་སྟངས་འཛིན་བྱེད་པར་ང་ཚོར་ནུས་པ་དེ་ཙམ་མེད་ནའང། ལས་དོན་འདི་དག་མཇུག་སྐྱོང་ཚད་དང་ལྡན་པ་ཞིག་ཡོང་བ་ལ།  ང་ཚོས་ནུས་པ་འདོན་དགོས་པ་གལ་ཆེན་པོ་རེད་ཅེས་ཞུས་པ་ཡིན།  དེ་ནས་དངུལ་རྩིས་བརྒྱུད་ལམ་གྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ག་འདྲ་ཞིག་ཡིན་པ་ཤེས་ཐུབ་པ་ཞིག་རེད།        དཔེར་ན་ད་རེས་ང་ཚོས་ཧིན་སྒོར་ས་ཡ་ ༡༠༤༠ ཡི་བཀའ་འཁྲོལ་རྒྱབ་གཉེར་སྤྲད་ཡོད་ལ།   གཏན་འཇགས་མ་དངུལ་གནས་སྟངས་དང་སྔོན་རྩིས་མ་དངུལ་གྱི་གནས་སྟངས། ལས་ཁུངས་རེ་རེའི་ཟུར་བཀོལ་ལྷག་ཆའི་གནས་སྟངས་ག་འདྲ་ཡིན་མིན་སོགས་ཚང་མ་དེབ་འདི་བརྒྱུད་ནས་ཤེས་རྟོགས་བྱ་ཐུབ་པ་བྱས་ཡོད་པ་རེད། དེ་བས་དེ་རིང་འདིར་ཚོགས་གཙོའི་མིང་ཁུར་ནས་ལངས་སྡོད་མཁན་ཞིག་ཡིན་པའི་ངོས་ནས།  ས་གནས་གང་དུ་ཕྱིན་ཀྱང་མང་ཚོགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་འདི་དག་གསལ་བཤད་དང་འགྲེལ་བརྗོད་བྱ་དགོས་སྐོར་སྔོན་ཆད་ཞུ་མྱོང་ལ།  དེ་རིང་ཡང་ཞུས་པ་ཡིན།  དེ་མ་རྟོགས་ན་མང་ཚོགས་ནང་ཁ་ཤས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་དངུལ་འབེལ་པོ་ཞིག་ཡོད་ས་རེད་བསམ་པ་དང། ཡང་ཁ་ཤས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་དངུལ་གཅིག་ཀྱང་ཡོད་ས་མ་རེད་སྙམ་པའི་རྣམ་རྟོག་མང་པོ་རྒྱ་བསྐྱེད་བྱས་པའི་དབང་གིས།  དངུལ་འབེལ་པོ་ཞིག་ཡོད་པར་སྙམ་མཁན་ཚོས།  ཉམས་ཐག་མིན་ནའང་བོད་མིའི་སྒྲིག་འཛུགས་ནས་དངུལ་ཞུ་བ་དང། དངུལ་མེད་པར་སྙམ་མཁན་ཚོས། དངོས་ཡོད་གནས་སྟངས་མ་ཤེས་པའི་ཐོག་ནས་ཁ་གཏོང་མཁན་དེ་འདྲའང་བཙན་བྱོལ་སྤྱི་ཚོགས་ནང་ཡོད་པ་རེད།  དེའི་རིགས་མ་ཡོང་བའི་ཆེད་དུ་རྣམ་པ་ཚོས་གནས་སྟངས་འདི་གསལ་བཤད་བྱ་རྒྱུ་གལ་ཆེན་པོ་རེད།  རང་ཁ་རང་གསོ་ཟེར་བ་དེ་དཔལ་ལྡན་བཀའ་བློན་ཁྲི་པའི་རྩ་དོན་གསུམ་གྱི་ནང་ནས་གཅིག་རེད།  རང་གི་རྐང་པའི་སྟེང་ནས་རང་ཉིད་ལངས་དགོས་པ་ཡིན་ན། རང་ཉིད་ཀྱི་འགྲོ་སོང་ཚུན་ཆད་ལ་རང་ཉིད་ཀྱིས་འགན་འཁུར་ཐུབ་པའི་ཐབས་ཤེས་དེའང་ང་ཚོ་རང་གིས་བྱེད་དགོས་པ་རེད།  དེ་ནས་ཁྲིམས་བཟོའི་ལས་དོན་ཐོག་ཆ་བཞག་པ་ཡིན་ན། བཅའ་ཁྲིམས་བསྐྱར་བཅོས་ཤིག་འགྲོ་ཐུབ་ཡོད་པ་མ་རེད།  བཅའ་ཁྲིམས་བསྐྱར་བཅོས་ཤིག་མར་ཟགས་པ་རེད།  བཅའ་ཁྲིམས་བསྐྱར་བཅོས་ཤིག་ཟགས་པའི་དབང་གིས་ཁ་སང་དང་དེ་རིང་གཉིས་ལ་ང་ཚོར་ལས་ཀ་གང་ལ་གང་ཙམ་ཉུང་དུ་ཕྱིན་པ་རེད།  དེ་ཕྱིན་ཡོད་པ་ཡིན་ན་དེ་དང་འབྲེལ་བའི་ལས་རིམ་མང་པོ་ཞིག་བསྐྱར་བཅོས་བྱེད་དགོས་པའི་གནས་སྟངས་ཤིག་ཡོད་པ་རེད། དེ་མ་ཡིན་པའི་བཅའ་ཁྲིམས་དང་སྒྲིག་གཞི་གཏན་འབེབས་གནང་དགོས་པ་དེ་ཚོ་ཚད་ལྡན་ཞིག་བྱེད་ཐུབ་སོང། སྒྲིག་གཞི་བསྐྱར་བཅོས་སྐབས་གནད་དོན་མགོ་འཚོས་པའི་ཐོག་ནས་གནང་སོང་བསམ་པའི་ཚོར་བ་ཞིག་བྱུང་སོང་།   དེ་བཞིན་ལས་བྱེད་ལས་དོན་གཟེངས་རྟགས་ཚོགས་ཆུང་གིས་ཕྱག་ལས་གནང་བའི་མཇུག་འབྲས་ཀྱིས་སྒྲིག་གཞི་གཏན་འབེབས་བྱས་ཏེ་མུ་མཐུད་དུ་འགྲོ་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།  དྲི་བ་དྲིས་ལན་སྐབས་སུ་དྲི་བ་ལྔ་ཕེབས་པ་ལས་དྲི་བ་གཅིག་ཕྱིར་འཐེན་གནང་སྟེ་དངོས་སུ་སྐར་རྟགས་ཅན་གྱི་དྲི་བ་བཞི་ཕེབས་པ་རེད། ལྔ་པ་དེ་སྐར་རྟགས་མེད་པའི་ངོ་བོ་དང་སྤྱིར་བཏང་བགྲོ་གླེང་སྐབས་སུ་ཡིན་ནའང་དྲི་བ་མང་པོ་ཞིག་བྱུང་སོང།   དྲིས་ལན་ལའང་འདོད་པ་བཞིན་དུ་མ་ཡོང་བའི་གནས་སྟངས་རེ་ཟུང་ཆགས་ཡོད་ལ།  མ་འོངས་པར་ཡར་རྒྱས་གཏོང་དགོས་པའི་འགན་ཞིག་ཆགས་ཡོད་པ་རེད་ཅེས་ཞུས་པ་ཡིན།  དེ་ནས་ཁྲིམས་བཟོའི་ལས་དོན་གྱི་ཐད་ནས་ཇོ་ནང་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲོད་མི་སྤྲོད་དེ་གྲོས་ཚོགས་འདིའི་ནང་གླེང་ཐུབ་ཡོད་པ་མ་རེད། སྙན་ཞུ་རིམ་པ་འབྱོར་བཞིན་ཡོད་པས་རྒྱུན་ལས་དང་སྤྱི་འཐུས་རྣམ་པ་ཚོར་གོ་བསྡུར་བྱས་ནས།  རྗེས་སུ་གནས་སྟངས་ཤིག་ཆགས་ཡོང་གི་རེད་ཞུས་ཡོད།  ད་རེས་གྲོས་ཚོགས་ནང་རྩ་བའི་ང་ཚོའི་གནས་ཚད་དེ་མཐོ་རུ་སོང་ཡོད་པ་དང་བཟང་སྤྱོད་ཀྱི་ཐད་དང་དོན་དག་དང་ཐ་སྙད་བེད་སྤྱོད་བྱེད་སྟངས་ཀྱི་སྐབས།  ཕན་ཚུན་བརྩི་འཇོག་བྱེད་སྟངས་སོགས་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་སོང་ཡོད་པ་དེ་སྤྱི་འཐུས་གསར་རྙིང་སུ་ཡིན་ནའང་མཁྱེན་རྟོགས་བྱུང་ཡོད་པ་རེད། ཡང་སྐབས་རེར་གྲོས་ཚོགས་ནང་ཡུལ་ཁྲིམས་དང་མཐུན་མི་མཐུན་གྱི་བཀའ་མོལ་གནང་ཡོད་པ་རེད།   དེའི་རིགས་གཞན་གྱིས་བེད་སྤྱོད་བྱ་སྲིད་པས་མ་འོངས་པར་ཚང་མས་ཡིད་གཟབ་གནང་དགོས་པ་རེད། དེ་བཞིན་མཛའ་འབྲེལ་ཅན་གྱི་རྒྱལ་ཁབ་ཁག་གི་སྐོར་ལ་བཀའ་མོལ་ཁ་ཤས་ཤིག་གསུང་མི་དགོས་པའི་གནས་སྟངས་དེ་འདྲ་བྱུང་སོང་།  ལྷག་པར་དུ་དེའི་ནང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་པའི་གསུང་འཕྲིན་ཞིག་ལུང་འདྲེན་བྱེད་ཀྱི་ཡོད་པ་ཡིན་ན།  གསུང་ཚིག་ཇི་མ་ཇི་བཞིན་བེད་སྤྱོད་གཏང་དགོས་རྒྱུ་དེ་གནད་འགག་རེད་བསམ་གྱི་འདུག  གསུངས་གྲུབ་པའི་རྗེས་ལ་ཚོགས་གཙོས་གྲོས་ཚོགས་ལས་རིམ་ནས་མར་བཏོན་དགོས་པ་བྱུང་ཚེ་གྲོས་ཚོགས་ཀྱིས་ངོས་ལེན་མེད་པའི་རྣམ་པ་ཞིག་སྟོན་གྱི་ཡོད་རེད་དེ། འོན་ཀྱང་རྒྱ་ཁྱབ་ཏུ་འགྲོ་བཞག་གི་ཡོད་རེད།  གང་ཡིན་ཟེར་ན་རྒྱང་བསྲིངས་འདི་ཐད་ཀར་གཏོང་གིན་ཡོད་སྟབས་དེ་འགོག་ཐུབ་ཀྱི་མ་རེད།   དེ་ཚོའི་ཐོག་ལ་བསམ་ཞིབ་གནང་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་གཅིག་དེ་ཡིན།  དེ་ནས་ཡིག་ཆ་བཀྲམས་བཞག་པའི་ནང་ཨ་རུ་ན་ཅལ་ནས་མི་ཆིག་སྟོང་ཕར་གནས་སྤོ་བྱེད་རྒྱུའི་ཡིག་ཆ་དེ་སྤྱི་འཐུས་ཚང་མའི་ཕྱག་ལ་ཕུལ་བཞག་ཡོད།  དེ་འབུལ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ནི་ང་ཚོ་མི་མང་གི་འཐུས་མི་ཡིན་པར་བརྟེན། ས་གནས་གང་ས་ནས་དྲི་བ་འདྲི་མཁན་ཡོང་སྲིད་ཀྱི་རེད། རྩ་བའི་བཀའ་ཤག་དང་ནང་སྲིད་ལས་ཁུངས་ནས་འབྲེལ་ཡོད་ཚོར་གསལ་བཤད་དང་འགྲེལ་བཤད་དེ་དག་བཏང་ཡོད་རེད་དེ།  སྐབས་རེེར་དྲི་བ་དེ་འདྲ་བྱུང་པ་ཡིན་ན་དངོས་ཡོད་གནས་སྟངས་གང་ཡིན་པ་དེ་གསལ་བཤད་བྱེད་ཕྱོགས་ལ་ཕན་གྱི་རེད་བསམས་སོང་། དེ་ནས་རྒྱ་ནག་ལྟ་བུ་ཞིག་ཡིན་ན་འགྱུར་བ་མ་འགྲོ་རང་འགྲོ་རེད། ལོ་ཚད་ཅིག་གི་ཁྱད་པར་རེད་མ་གཏོགས།  དེང་སང་འཛམ་གླིང་གི་འགྱུར་འགྲོས་མང་པོ་ཞིག་ལ་བལྟས་ཡོང་དུས།  རྒྱ་ནག་འགྱུར་བ་མ་འགྲོ་བར་གནས་ཐུབ་ཐབས་ཡོད་མ་རེད།  རྒྱ་ནག་འགྱུར་བ་ཕྱིན་པ་ཡིན་ན་ད་ལྟ་བྱང་ཀོ་རི་ཡ། ལོའོ་སི་དང་ཁམ་བྷོ་ཌི་ཡ། ཝེ་ཏི་ནམ་དེ་དག་ལ་དཀའ་ངལ་ཡོད་པ་ཚང་མ་རྒྱ་ནག་ལ་འབྲེལ་བ་ཟིན་ནས་བསྡད་ཡོད་རེད།  ད་གིན་དཔལ་ལྡན་བཀའ་བློན་ཁྲི་པས་འགྲེལ་བཤད་རྒྱས་པ་གསུངས་སོང་། དེ་ཡིན་དུས་རྒྱ་ནག་འགྱུར་བ་ཞིག་ཕྱིན་པ་ཡིན་ན།  འཛམ་བུ་གླིང་ཁྱོན་ཡོངས་ལ་བདེ་འཇགས་ཡོང་རྒྱུའི་གནས་སྟངས་ཤུགས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དེ་རེ་བ་ཞུ་བསྡད་ཀྱི་ཡོད། ཡིན་ཡང་དུས་ཚོད་ཏག་ཏག་ཅིག་ལ་འགྱུར་དགོས་ཀྱི་རེད་ཟེར་བ་གནས་སྟངས་ཁག་ཁག་རེད།  དེ་ནས་གྲོས་ཚོགས་རང་ནང་ལ་མ་ཡིན་པའི་གྲོས་ཚོགས་ཕྱི་ལོགས་ལའང་སྤྱི་འཐུས་རྣམ་པ་ཚོ་ཉིན་གཉིས་རིང་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།  དེའི་ནང་ལ་བགྲོ་གླེང་གནང་རྒྱུ་དང་བགྲོ་གླེང་གི་གྲུབ་འབྲས་དེ་དག་དངོས་གནས་ཚད་དང་ལྡན་པ་ཞིག་བྱུང་སོང་བསམས་པའི་ཚོར་སྣང་ཞིག་བྱུང་སོང་བས།   ཚོགས་གཙོས་བསྔགས་བརྗོད་ཞུ་རྒྱུ་ཡིན།  དེ་ནས་དེའི་སྐབས་སུ་བགྲོ་གླེང་བྱུང་བཞག་པའི་ལས་འགུལ་ཁག་དེ་དག་རིམ་པས་ཡོངས་ཁྱབ་གསལ་བསྒྲགས་ཡོང་གི་རེད།  ལྷག་པར་དུ་མི་མང་གིས་མཉམ་ཞུགས་བྱེད་དགོས་རྒྱུ་དང་དེ་འདྲའི་ལས་འགུལ་ནང་ལ་འཛིན་སྐྱོང་བཀའ་ཤག་གིས་འབྲེལ་ཡོད་ས་གནས་འགོ་འཛིན་དང་ས་གནས་དོན་གཅོད་ཚང་མར་བཀོད་ཁྱབ་ནན་པོ་གནང་དགོས་རྒྱུ་དེ་གལ་ཆེན་པོ་འདུག  དེ་འདྲའི་ཐོག་ནས་ང་ཚོ་མཉམ་རུབ་ཀྱི་ནུས་པ་འདོན་ཐུབ་པ་ཡོང་གི་ཡོད་རེད།  དེ་འདྲ་གནང་རོགས་གནང་ཞེས་དེ་རིང་གྲོས་ཚོགས་ཀྱི་སྡིངས་ཆ་འདིིའི་བརྒྱུད་ནས་འབོད་སྐུལ་ཞུ་ཡི་ཡོད།  སྔོན་མ་ཞུས་པ་ཚང་མ་ས་གནས་སོ་སོ་ལ་གཏང་རྒྱུ་བྱུང་མེད་པའི་རྐྱེན་གྱིས་ས་གནས་ནས་མ་འབྱོར་བའི་གནས་སྟངས་དེ་འདྲ་ཡང་ཡོང་གི་འདུག ས་གནས་ལ་ས་གནས་སོ་སོའི་འགོ་འཛིན་གྱིས་དགོངས་པ་བཞེས་སྟངས་ལ་འཛིན་སྐྱོང་བཀའ་ཤག་ནས་བཀོད་ཁྱབ་ཅིག་མ་ཡོང་བ་ཡིན་ན། ཡིན་གཅིག་མིན་གཅིག་ལག་བསྟར་བྱེད་མི་དགོས་པའི་གནས་སྟངས་དེ་འདྲ་ཞིག་ཀྱང་ཕལ་ཆེར་ཡོད་ས་རེད། དེ་འདྲ་ཡིན་དུས་ད་ལྟའི་ཛ་དྲག་གི་གནས་སྟངས་འདི་དང་འབྲེལ་བའི་ཐོག་ནས་སྤྱི་སྒེར་སུ་ཡིས་ལས་འགུལ་སྤེལ་པ་ཡིན་ནའང་།  ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མི་མང་དང་མཉམ་དུ་ལས་འགུལ་སྤེལ་པའི་སྐབས་ལ་མཉམ་ཞུགས་གནང་དགོས་ཀྱི་རེད་ཅེས་སྤྱི་ཡོངས་ཀྱི་བཀོད་ཁྱབ་ཅིག་གནང་ཐུབ་པ་ཡིན་ན་ཡག་པོ་ཡོད་ས་རེད་དྲན་གྱི་འདུག   དེ་ནས་གྲོས་ཚོགས་འདིའི་ནང་བཀའ་མོལ་གཅིག་གཉིས་ཤིག་བྱུང་སོང་། ཡིན་ན་ཡང་དེ་རིང་ཚོགས་འདུ་མཇུག་བསྡོམས་ཀྱི་གཏམ་བཤད་འདིའི་ཐོག་ནས་གསལ་པོ་ཞིག་ཞུ་རྒྱུ་ལ།  བོད་ནང་ལ་ལས་འགུལ་སྤེལ་བ་ཡིན་ནའང་།  འཚེ་མེད་ཞི་བའི་ལྟ་གྲུབ་དང་མཐུན་པའི་ཐོག་སྤེལ་དགོས་རྒྱུ་དེ་གལ་ཆེན་པོ་འདུག ད་ལྟ་རང་ལུས་ཞུགས་འབུལ་བྱས་པ་དེ་ང་ཚོས་འཚེ་མེད་ཞི་བའི་ལྟ་གྲུབ་དང་མཐུན་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་རེད་ཅེས་ཞུ་རྒྱུ་ཡིན།  དེ་ནས་ལས་འགུལ་སྤེལ་མཁན་གྱི་ནང་ལ་གྲོས་ཚོགས་ཐོག་ནས་ཆེ་མཐོང་མཐོ་པོའི་ཐོག་ནས་མིང་འགོད་གནང་ནས་བཞག་པ་དེ་ནེའུ་ཡོག་ཏུ་ཟས་བཅད་ངོ་རྒོལ་བྱེད་མཁན་གསུམ་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་དང་།  ལྷག་པར་དུ་བོད་བར་གོམ་བགྲོད་གནང་གི་ཡིན་གསུང་མཁན་དང་།  དེ་དང་མཚུངས་པའི་བོད་དོན་ཐོག་བོད་མིས་ལས་འགུལ་སྤེལ་མཁན་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།  དེ་དང་འབྲེལ་བའི་ཐོག་ནས་ད་ལྟའི་ལས་འགུལ་གཅིག་ད་གིན་སྤྱི་འཐུས་རྣམ་པ་ཚོས་ཀྱང་གསུང་མཁན་བྱུང་སོང་། ད་གིན་བཀའ་བློན་ཁྲི་པས་ཀྱང་གསུངས་སོང་།  ད་རེས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་འདིར་གཞུང་བསྟེན་དགྲ་ལྷ་གནས་དགའ་གཉིས་དང་ཚེ་རིང་མཆེད་ལྔ་སྤྱན་འདྲེན་ཞུས་པ་རེད།  སྤྱན་འདྲེན་ཞུས་པའི་ལུང་དེ་སྤྱི་འཐུས་རྣམ་པ་ཚང་མར་བཀྲམས་བཞག་ཡོད།  ཚེ་རིང་མཆེད་ལྔའི་ལུང་དེ་གཅིག་བྱས་ན་ང་ཚོས་ཡང་བསྐྱར་བལྟས་ནས་ཁ་གསལ་དུ་བཟོ་རྒྱུ་འདུག་གམ་འབད་བརྩོན་ཞུ་ཡི་ཡིན།   དེའི་ནང་ལ་ང་རང་ཚོ་འཆམ་མཐུན་བྱེད་དགོས་པ། ༸རྒྱལ་བ་རིན་པོ་ཆེའི་བཀའ་གསུང་ལྟར་ཞུ་དགོས་པ། བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་དེ་དག་ག་འདྲ་གནང་དགོས་པ་སོགས་བཀའ་ལུང་ནང་ལ་ཡོད་རེད།  ལྷག་པར་དུ་༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་དང་འབྲེལ་བའི་ཐོག་ནས་བོད་བསྟན་སྲིད་ཀྱི་དོན་དག་ལ་ཞབས་རིམ་བསྒྲུབ་དགོས་པ་མང་པོ་ཞིག་ཕེབས་བསྡད་ཡོད་རེད། ད་གིན་དཔལ་ལྡན་བཀའ་བློན་ཁྲི་པས་གསུངས་སོང་། ཆོས་རིག་ལས་ཁུངས་ལ་དེ་ཚོའི་མཇུག་སྡོམ་གནང་དགོས་པའི་བཀའ་མངགས་གནང་ཟིན་བཞག  དེ་ཡིན་དུས་ད་རེས་གྲོས་ཚོགས་འདིའི་བརྒྱུད་ནས་ཞབས་རིམ་གང་ཕེབས་པ་དེ་དག་མང་ཚོགས་ཐོག་ནས།  ང་རང་ཚོའི་སྤྱི་མཐུན་བསོད་ནམས་གོང་འཕེལ་འགྲོ་རྒྱུ་དང་ཞབས་རིམ་བསྒྲུབ་རྒྱུ་གཅིག་པུ་མ་རེད།  དགེ་བའི་ལས་ལ་མང་པོ་འཇུག་དགོས་ཀྱི་རེད།  དེ་ཡིན་དུས་དེ་ཚོའི་ཐོག་ལ་མང་ཚོགས་ཀྱིས་ཐུགས་འཁུར་ཆེར་བཞེས་གནང་དགོས་རྒྱུ་དང་ལྷག་པར་དུ་བོད་པའི་བླ་ཆེན་རྣམ་པས་གཙོས་དགོན་སྡེ་ཁག་སོ་སོའི་ནང་ལ་འགན་འཁྱེར་ནས་ཞབས་རིམ་བསྒྲུབ་དགོས་པ་དེ་ཚོ་ཧུར་བརྩོན་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།  མཐའ་མ་དེར་ད་རེས་གྲོས་ཚོགས་ཡག་པོ་ཡོང་བ་འདི་ཚོགས་གཙོ་གཉིས་གཅིག་པུས་ཡག་པོ་བཟོ་ཐུབ་རྒྱུ་ཡོད་མ་རེད། བཀའ་ཤག་རྣམ་པ་དང་སྤྱི་འཐུས་རྣམ་པ་ཚང་མས་མཐུན་འགྱུར་གནང་བར་བརྟེན་ནས་བྱུང་བ་ཡིན་པ་ད་གིན་ངས་གོང་དུ་ཞུས་ཟིན་པ་ཡིན།  དེ་ནས་ཚོགས་དྲུང་གིས་འགན་ཆེན་པོ་འཁྱེར་བའི་ཐོག་ནས་ལས་རིམ་དེ་ཚོ་ཏག་ཏག་འགྲོ་ཐུབ་པ་བྱུང་བ་དང་།   དེ་ནས་ཚོགས་དྲུང་གི་བཀོད་སྒྲིག་འོག་ནས་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་ཚོས་དགོང་མོ་ཆུ་ཚོད་བཅུ་གཅིག་བཅུ་གཉིས་བར་བསྡད་དགོས་བྱུང་ཡང་བསྡད་ནས།  ཧ་རུབ་གནང་པར་ཚོགས་དྲུང་དང་ལས་བྱེད་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།   དེ་ག་ནང་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་བརྙན་འཕྲིན་སྡེ་ཚན་གྱིས་དུས་རྒྱུན་དུ་གྲོས་ཚོགས་ཀྱི་ལས་རིམ་རྣམས་བརྙན་འཕྲིན་ཐོག་ཐད་གཏོང་བྱས་པ་དང་རྗེས་སུའང་འོད་སྡེར་བཟོ་རྒྱུའི་དམིགས་ཡུལ་དེ་འདྲ་གནང་གི་ཡོད་རེད། དེ་ཚོ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་ནས་གྲོས་ཚོགས་ཀྱི་ལས་རིམ་ཡོངས་སུ་རྫོགས་པ་དེ་ཡིག་ཐོག་ཏུ་མར་འབེབས་མཁན་དེ་ས་རྭ་མཐོ་སློབ་ཀྱི་སློབ་མ་དྲུག་གིས་མཐུན་འགྱུར་གནང་གི་ཡོད་རེད། ཁོང་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། དེ་ནས་གྲོས་ཚོགས་རྗེས་མ་མ་ཚོགས་ཀྱི་བར་ད་ལྟ་ང་ཚོ་ལས་འགུལ་མང་པོ་ཞིག་བང་བསྒྲིག་དགོས་ཀྱི་རེད་གསུངས་ཡོད་རེད། དེ་ག་ནང་བཞིན་བང་སྒྲིག་བཞིན་པ་རེད། དེ་ཚོ་དངོས་སུ་ལག་བསྟར་བྱེད་པའི་སྐབས་སུ་ཚང་མས་ཕྱར་གྲུ་མཉམ་འདེགས་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་འདུག་ཅེས་སླར་ཡང་ཞུ་རྒྱུ་དང་།  གྲོས་ཚོགས་ཚོགས་དུས་བཞི་པ་དེ་ཕྱི་ཟླ་དགུ་པའི་ནང་འཚོགས་རྒྱུ་རེད། དེ་མ་ཚོགས་པའི་སྔོན་ནས་དམིགས་བསལ་གྱི་གྲོས་ཚོགས་ཚོགས་དགོས་པ་མ་ཐུག་པ་ཡིན་ན་ཟླ་བ་དྲུག་གི་རིང་ལ་ཚང་མ་སྐུ་གཟུགས་འཕྲོད་བསྟེན་ཡག་པོ་ཡོང་བ་དང་སླར་ཡང་ང་ཚོ་གྲོས་ཚོགས་འཛོམས་པའི་སྐབས་ལ་མི་མང་གིས་རེ་བ་བརྒྱབ་པ་ནང་བཞིན་གྲོས་ཚོགས་ནང་ལ་བཅར་ཐུབ་པ་དང་སོ་སོའི་བསམ་ཚུལ་སྤུང་ཐུབ་རྒྱུ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། གྲོས་ཚོགས་ཚོགས་དུས་གསུམ་པ་མཇུག་བསྡུ་བ་དང་ཆབས་ཅིག་གྲོལ་བ་ཡིན་གསུངས།