སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཀ་སྦུག་ཨོ་རྒྱན་སྨིན་གྲོལ་གླིང་གི་ཡན་ལག་ཨོ་རྒྱན་སྨིན་གྲོལ་བསམ་གཏན་གླིང་གི་བྱང་ཆུབ་མཆོད་རྟེན་ཆེན་མོ་དབུ་འབྱེད་མཛད་སྒོ་གཙོ་བོར་གྱུར་པའི་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ཕེབས་པ།

༄༅། །དེ་ཡང་ཚོགས་གཞོན་མཆོག་འདི་ཟླའི་ཚེས་ ༢ ནས་ ༧ བར་བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོར་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཕེབས་ནས། རིགས་ལམ་ནི་རིག་པ་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་ཞིག་ཡིན་ལ། ཤེས་ཡོན་སྦྱངས་འབྲས་ལེགས་ཐོན་ཡོང་བར་རིགས་ལམ་མེད་དུ་མི་རུང་བ་ཡིན་པའི་སྐོར་དང་། གཞུང་ཆེན་བཀའ་པོད་ལྔའི་ཡ་གྱལ་ཚད་མ་རིག་པའི་རིགས་ལམ་གྱི་འབྱུང་ཁུངས་སྙིང་བསྡུས་དང་འབྲེལ་བཟང་སྤྱོད་དང་ཤེས་ཡོན་གལ་ཆེ་སྐོར་གསུང་བཤད་ཀྱང་གནང། འདུ་འཛོམས་དེ་ནི་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་བསུ་ན་མདའ་བཀྲ་ཤིས་གླིང་གཞིས་ཆགས་ཀྱི་མཉམ་འབྲེལ་ཚོགས་ཁང་དུ་གོ་སྒྲིག་ཞུས་ཡོད་པ་དང་། དེར་བལ་ཡུལ་ཁུལ་གྱི་སློབ་གྲྭ་ཁག་ལྔ་དང་། རྒྱ་གར་བྱང་ཤར་ཁུལ་གྱི་སློབ་གྲྭ་ཁག་ལྔ་བཅས་ནས་སློབ་ཕྲུག་གྲངས་ ༥༠ དང་ཆོས་དགེ་དང་ཆོས་དགེའི་ལས་ཚབ་སོགས་མཉམ་ཞུགས་གནང་ཡོད།

stupastupa1

དེ་རྗེས་ཚེས་ ༣ ཉིན་ཀ་སྦུག་ཨོ་རྒྱན་སྨིན་གྲོལ་གླིང་གི་ཡན་ལག་ཨོ་རྒྱན་སྨིན་གྲོལ་བསམ་གཏན་གླིང་གི་བྱང་ཆུབ་མཆོད་རྟེན་ཆེན་མོ་དབུ་འབྱེད་མཛད་སྒོར་གདན་ཞུས་ལྟར་ཆེད་ཕེབས་གནང་སྟེ། བྱུང་ཆུབ་མཆོད་རྟེན་ཆེན་མོའི་དབུ་འབྱེད་མཛད་རིམ་ཁག་ནང་མཉམ་བཅར་དང་། ཨོ་རྒྱན་སྨིན་གྲོལ་བསམ་གཏན་གླིང་གི་མཆོད་སྡོང་ཆེན་མོ་ནི་༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་གི་ཐུགས་འགན་གཙོ་བཞེས་ཀྱིས་བསྟན་འགྲོའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་ལེགས་གྲུབ་བྱུང་བར་འཚམས་འདྲི་སོགས་ཞུས་གནང་ཡོད། མཛད་སྒོ་དེར་༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོར་ཆེ་གཙོས་བླ་སྤྲུལ་ཆེ་ཁག་དང་འབྲས་ལྗོངས་དང་། འབྲུག ས་གནས་བཅས་ཀྱི་གནད་ཡོད་མི་སྣ་མང་པོ་ཕེབས་ཡོད།

དེ་བཞིན་ཀ་སྦུག་ཏུ་ས་གནས་འགོ་འཛིན་དང་། རྒས་གསོ་ཁང་བཅས་སུ་འཚམས་གཟིགས་དང་ཚོགས་པ་ཁག་གི་ལས་ཀྱི་སྣེ་མོ་བ་ཚོར་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་བཅས་ཀྱི་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་ཀྱང་གནང་ཡོད་ལ། ལམ་ཞོར་དུ་ཟང་མདོག་དཔལ་རི་དགོན་སོགས་སུ་གནས་གཟིགས་གྲུབ་རྗེས་འདི་ཟླའི་ཚེས་ ༧ ཉིན་བཞུགས་སྒར་དུ་ཕྱིར་ཕེབས་གནང་།

 

 

Menu