སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད།

༄༅། །སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དེ་དབུ་འཛུགས་མ་ཞུས་སྔོན། ང་རང་ཚོ་ཚོགས་ཁང་འདིའི་ནང་ཡོད་མཁན་ཚོར་བསྐལ་བཟང་གི་གོ་སྐབས་ཐོབ་པ་རེད། བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས། བླ་ན་མེད་པའི་དབུ་འཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན། བོད་གཞིས་བྱེས་གཉིས་ཀྱི་བླ་སྲོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་གསར་རྒྱག་དང་ཉམས་གསོ་ལེགས་གྲུབ་ཟིན་པར་དབུ་འབྱེད་རབ་གནས་བྱིན་གྱིས་བརླབས་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཁང་ལ་རབ་གནས་གནང་བ། གྲོས་ཚོགས་ཚོགས་ཁང་དུ་༸ཞབས་འཁོད་བཀའ་དྲིན་ཆེ་བ་ཙམ་དུ་མ་ཟད། གལ་གནད་ཆེ་བའི་བཀའ་སློབ་གསུང་གི་བདུད་རྩི་སྩལ་གནང་མཛད་པར་ངས་དེ་རིང་ཚོགས་ཁང་ནང་ཡོད་མཁན་ཚང་མིའི་ཚབ་ཞུས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ནང་དུ་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་སུ། ཁོང་གིས་འཇིག་རྟེན་འདིའི་ནང་ཞི་བདེ་བསྐྲུན་ཐབས། ཆོས་ལུགས་ཕན་ཚུན་འབྲེལ་ལམ་ལེགས་པོ་ཡོང་རྒྱུ། དེ་བཞིན་བོད་མི་ཡིན་པའི་ཆ་ནས་མཛད་འགན་གང་དང་གང་བཞེས་ཀྱི་ཡོད་པ་དེ་དག་ཚང་མ་བཀའ་སློབ་ནང་དུ་གསལ་ཡོད་པ་རེད། དེའི་ནང་ནས་གལ་ཆེ་ཤོས་དེ་ང་ཚོའི་བོད་པའི་འཐབ་རྩོད་འདིར་ད་ལྟ་དངོས་སུ་ཆབ་སྲིད་ཀྱི་ནུས་པ་གང་ཐོན་གྱི་ཡོད་མིན་ལ་མ་ལྟོས་པར་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་དང་བཅས་པ། བདག་ཉར་དང་གཅེས་འཛིན་བྱེད་རྒྱུ་དེ་ཉིད་ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་གཅིག་ཆགས་བསྡད་ཀྱི་ཡོད་པ་དང་། ལྷག་པར་དུ་ཆབ་སྲིད་ཀྱི་གནད་དོན་ཐོག་ང་ཚོས་བསམ་བློ་གང་འདྲ་ཞིག་བཏང་ཡང་། གང་འདྲ་ཞིག་ཐག་གཅོད་བྱས་ཀྱང་། རྒྱ་ཆེ་ས་ནས་བསམ་བློ་གཏོང་དགོས་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བཀའ་སློབ་གནང་བ་གཞིར་བཟུང་། speakerfinalད་ལྟ་ང་ཚོའི་གྲོས་ཚོགས་འདི་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞིར་བཟུང་གྲོས་ཚོགས་ནང་དུ་སྤྱི་མོས་ཀྱི་གྲོས་ཆོད་རིམ་པར་བཞག་སྟེ་འདི་ལྟར་བསྐྱོད་བཞིན་པ་རེད། མ་འོངས་པར་ཡིན་ཡང་ང་ཚོས་ལས་དོན་གང་བྱས་པ་ཐམས་ཅད་རྒྱ་ཆེ་ས་དང་སྤྱི་ཡོངས་ནས་བསམ་བློ་བཏང་ནས་འབད་བསྒྲུབ་བྱེད་དགོས་རྒྱུ་དེ་གལ་འགངས་ཆེན་པོ་རེད་ཅེས། ཚོགས་གཙོས་༸རྒྱལ་དབང་རིན་པོ་ཆེའི་བཀའ་སློབ་གནང་བའི་ནང་ནས། ནང་དོན་གཙོ་བོ་དེ་ནན་ཏན་གྱི་སྒོ་ནས་དེ་རིང་གྲོས་ཚོགས་ཀྱི་མཇུག་བསྡོམས་གཏམ་བཤད་སྐབས་སུ་ཞུ་འདོད་བྱུང་སོང་།

ད་ཐེངས་ང་ཚོའི་གྲོས་ཚོགས་ཚོགས་དུས་བདུན་པ་འདིའི་ཐོག་ལ་ཐབས་རྡུགས་ས་ནས་བཤད་པ་ཡིན་ན། ཚོགས་འདུ་འགོ་བཙུགས་པའི་སྐབས་ལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་གྱི་ཐོག་ནས་འགོ་བཙུགས་དགོས་བྱུང་ཡོད་པ་རེད་ལ། ཚོགས་འདུ་མཇུག་བསྡུས་པའི་སྐབས་སུ་ཡང་། མྱ་ངན་གུས་འདུད་རྗེས་དྲན་གྲོས་འཆར་གྱི་ཐོག་ནས་མཇུག་བསྡུ་དགོས་པའི་གནས་སྟངས་འདི་ཕྱི་ལོ་ ༢༠༠༨ ནས་ད་བར་མུ་མཐུད་དེ་གནས་བཞིན་པ་རེད།

ཚོགས་འདུ་འགོ་བཙུགས་པའི་སྐབས་ལ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་གྱི་རྗེས་ལ་ཕྱི་ལོ་ ༢༠༠༨ ནས་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་དང་། ཚོགས་འདུ་མཇུག་བསྡུས་པའི་སྐབས་སུ་ཡང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་འདི་ལྟར་འཁྱེར་དགོས་པའི་གནས་སྟངསཤིག་ཆགས་བསྡད་ཡོད། གཙོ་བོ་དེ་ད་གིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་བཞིན། རྒྱ་ནག་གི་འགོ་འཁྲིད་ཚོས་མཁྲེགས་བཟུང་གི་སྲིད་བྱུས་ལ་འགྱུར་བ་མ་བཏང་བའི་རྐྱེན་བྱས་ཏེ་ད་ལྟ་མུ་མཐུད་འདི་ལྟར་ལྷག་བཞིན་ཡོད་པ་རེད།

གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གྲོས་ཚོགས་ནང་དུ་སླེབས་པའི་སྐབས་སུ། བཀུར་འོས་སྤྱི་འཐུས་རྣམ་པས་ཐུགས་འཁུར་ཆེར་བཞེད་ཀྱིས་བགྲོ་གླེང་ནང་མཉམ་ཞུགས་གནང་བ་རེད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་གང་འདྲ་ཆགས་ཡོད་མིན། སྤྱི་ཡོངས་ནས་བཀུར་འོས་སྤྱི་འཐུས་རྣམ་པས་གསུངས་པ་ལས་ལྷག་པ་ཚོགས་གཙོར་གང་ཡང་ཞུ་རྒྱུ་མེད། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དེའི་ཐོག་ལ་དགོངས་ཚུལ་ཆ་ཚང་ཞིག་གསུངས་གྲུབ་པ་རེད། བྱེ་བྲག་ཏུ་རང་ལུས་མེར་སྲེག་གི་གནད་དོན་དེ་ད་ལྟའང་མུ་མཐུད་དེ་འགྲོ་བཞིན་པ་རེད། སྐབས་རེ་སྐད་ཆ་འདྲི་མཁན་དེ་འདྲ་ཡོང་གི་འདུག རང་ལུས་མེར་སྲེག་གི་གནས་ཚུལ་དེ་འདྲ་བྱུང་བའི་སྐབས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་རྒྱུ་དང་། དེ་བཞིན་གྲོས་ཚོགས་ནང་དུ་གྲོས་ཆོད་དེ་འདྲ་བཞག་པའི་རྒྱུ་མཚན་ལ་བརྟེན་ནས། རང་ལུས་མེར་སྲེག་གི་གནས་སྟངས་མང་དུ་འགྲོ་གི་ཡོད་མིན་གྱི་སྐོར་ལ་ཤོད་མཁན་དེ་འདྲའང་ཡོང་གི་འདུག ཚོགས་གཙོའི་ངོས་ནས་དེར་ངོས་འཛིན་ཞུ་ཐུབ་ཀྱི་མེད་ཅེས་ཞུ་ཡི་ཡོད། དེ་ང་རང་ཚོའི་འཐབ་རྩོད་ཀྱི་རིམ་པའི་ནང་ལ་བོད་ནང་གི་བོད་མིས་སོ་སོའི་སྲོག་ཡན་ཆད་བློས་གཏོང་ཐུབ་དུས། ང་ཚོ་འདིར་བཙན་འབྱོལ་ནང་ཡོད་པའི་བོད་མི་ཚོས་ཁོང་ཚོའི་འབོད་སྒྲ་དང་། ཁོང་ཚོའི་མངོན་འདོད་གང་ཡིན་པ་དེ་འཛམ་གླིང་རྒྱ་ཁྱབ་ཏུ་གནས་ཚུལ་གསེད་བཀྲོལ་བྱེད་རྒྱུ་དང་རྒྱབ་སྐྱོར་འཐོབ་རྒྱུའི་ལས་འགུལ་སྤེལ་དགོས་པ་དེ་ང་ཚོའི་ལས་འགན་རེད་ལ། གྲོས་ཚོགས་ནང་ལའང་ད་ལྟའི་གནས་སྟངས་གང་ཡིན་པ་དེ་གོ་བསྡུར་བྱེད་དགོས་པ། གསལ་པོ་བཟོ་དགོས་པ་དེ་ང་ཚོའི་ལས་འགན་གཅིག་གི་ཆ་ནས་སྒྲུབ་དགོས་ཀྱི་ཡོད་པ་རེད་ཅེས་དེ་གཅིག་ཞུ་འདོད་བྱུང་།

རང་ལུས་མེར་སྲེག་གནད་དོན་དང་འབྲེལ་བའི་ཐོག་ནས་ལྷག་པར་དུ་ཕྱིས་སུ་རྒྱ་ནག་གི་འགན་འཁུར་མི་སྣ་ཚོས་བོད་མི་ནང་ཁུལ་ལ་དབྱེན་དཀྲུག་བྱེད་རྒྱུའི་ལས་རིམ་སྣ་ཚོགས་ཤིག་སྤེལ་བསྡད་ཡོད་པ་དེ་ང་ཚོ་ཚང་མས་མཁྱེན་གྱི་ཡོད་པ་རེད། དེ་བཞིན་རྔ་པ་ལྟ་བུར་ཆ་མཚོན་ན། ས་གནས་དེར་སྡིགས་ར་བསྐུལ་ནས། “ཁྱེད་རང་ཚོ་བེད་སྤྱོད་གཏོང་གི་ཡོད་པ་རེད་གདའ། ཁྱེད་རང་ཚོ་བེད་སྤྱོད་བཏང་ནས་རྫོགས་ཟིན་པའི་རྗེས་སུ་ཁྱེད་རང་ཚོར་ཁ་ཡ་བྱེད་མཁན་རག་གི་མ་རེད་གདའ།” དེ་ལྟར་རྒྱ་ནག་འགོ་ཁྲིད་ཚོས་བཤད་བསྡད་འདུག དེ་ཚོ་ང་ཚོས་ཤེས་ཀྱི་ཡོད། ཡིན་ནའང་བོད་ནང་ཡོད་མཁན་གྱི་བོད་མི་རེ་ཟུང་གིས་དངུལ་དང་དངོས་པོའི་ཁེ་ཕན་གྱི་དོན་དུ་རྒྱུགས་འགྲོ་མཁན་ཡོང་གི་ཡོད་ས་རེད་མ་གཏོགས། རྒྱ་ཆེ་ས་ནས་བོད་མི་མང་ཆེ་བས་གནད་དོན་དེ་ཚོ་རྒྱ་ནག་གིས་ཐབས་བྱུས་བཏང་ནས་བོད་མི་ནང་ཁུལ་དཀྲུག་ཤིང་རྒྱག་རྒྱུ་དང་། བོད་ནང་ཡོད་པའི་བོད་མི་དང་བཙན་བྱོལ་ནང་ལ་ཡོད་པའི་བོད་མིའི་བར་གྱི་མཐུན་སྒྲིལ་གཏོར་རྒྱུའི་ལས་གཞི་རྩོམ་གྱི་ཡོད་པ་དེ་གསལ་པོ་མཁྱེན་པའི་ཐོག་ནས་ད་དུང་ཡང་ཆིག་སྒྲིལ་གྱི་ནུས་པ་ཤུགས་ཆེན་པོ་འདོན་རྒྱུའི་ལས་འགུལ་ལ་འབད་ཀྱི་ཡོད་པ་རེད། ང་རང་ཚོ་བཙན་འབྱོལ་ནང་ལ་ཡང་སྔར་ལས་ལྷག་པའི་ཆིག་སྒྲིལ་གྱི་ནུས་པ་ཤུགས་ཆེན་པོ་ཡོད་པ་གསལ་པོ་རེད། དེར་བརྟེན་དེ་རིང་གི་གྲོས་ཚོགས་འདི་བརྒྱུད་ནས་བོད་ནང་ཡོད་མཁན་གྱི་བོད་པ་ཚོ་ཡིན་ཡང་དེ་འདྲའི་མགོ་བསྐོར་བསླུ་བྲིད་དང་གནོན་ཤུགས། སྡིགས་ར་སོགས་ཀྱི་ནང་དུ་རྣམ་པ་ཚོ་ཚུད་ཡོད་པ་མ་རེད་ལ་མ་འོངས་པར་ཡང་མ་ཚུད་པ་གནང་རོགས་ཞེས་ཞུ་འདོད་བྱུང་།

ང་ཚོ་བཙན་འབྱོལ་ནང་ཡོད་མཁན་ཚོ་ཡིན་ཡང་། གང་ཐུབ་ཅི་ཐུབ་ཀྱིས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གནང་གི་ཡོད་པ་རེད་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བྱེད་ཀྱི་ཡོད་པ་རེད། གཞུང་འབྲེལ་མིན་པའི་ཚོགས་པ། མི་སྒེར། ཁྱིམ་ཚང་བཅས་ཚང་མས་གང་ཐུབ་ཅི་ཐུབ་ཞུ་བཞིན་པ་རེད་ཅེས་དེ་གཅིག་གསལ་པོ་བཟོ་འདོད་བྱུང་སོང་། དེ་དང་ལྷན་བོད་ནང་ལ་ས་ཁུལ་ཁག་ཅིག་ནས་རང་ལུས་མེར་སྲེག་མང་བ་ཞིག་ཡོང་གི་ཡོད་པ་རེད། དེ་ཚོ་དང་འབྲེལ་བའི་འགན་ཡོད་མཁན་དག་ལ་ང་ཚོས་ཆེ་མཐོང་སྤྲོད་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ཆེ་མཐོང་སྤྲོད་དགོས་པ་དེ་ཡང་གལ་ཆེན་པོ་རེད་འདུག ཁོང་རྣམ་པ་ཚོ་ལས་དོན་གྱི་ནང་དུ་བཞག་ནས་བཞུགས་ཐུབ་པ་ཡིན་ན། དེ་ཚོའི་གྲས་དེ་ཡང་གནད་འགག་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག དེ་ང་ཚོ་བཙན་འབྱོལ་ནང་ཡོད་མཁན་གཅིག་པུའི་ཆེད་དུ་མ་རེད། བོད་ནང་ཡོད་མཁན་གྱི་བོད་མི་ཚོའི་སེམས་ནང་ཁྱད་པར་ཤུགས་ཆེན་པོ་ཞིག་བཟོ་ཡི་རེད་བསམ་གྱི་ཡོད། འདི་འཛིན་སྐྱོང་གི་ངོས་ནས་དགོངས་པ་བཞེས་རོགས་གནང་ཞེས་དེ་རིང་གྲོས་ཚོགས་འདི་བརྒྱུད་ནས་ཞུ་འདོད་བྱུང་སོང་།

དེ་ནས་ང་ཚོ་འདིར་བོད་ནང་གི་གནས་སྟངས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་མ་ཕྱིན་བར་ལས་འགུལ་སྤེལ་དགོས་ཀྱི་ཡོད་པ་རེད། གྲོས་ཚོགས་ནང་གསུངས་པའི་གནས་ཚུལ་ཁག་ཅིག་དང་། གྲོས་ཚོགས་ཀྱི་ཕྱི་ལ་སྤྱི་འཐུས་ཀྱི་ནང་ཁུལ་ཚོགས་འདུ་ཚོགས་པ། དེ་བཞིན་འཛིན་སྐྱོང་ངོས་ནས་མཛད་འཆར་གང་དང་གང་ཡོད་མིན་ཆ་ཚང་ཞིག་ཁ་སྔོན་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་ལ་ཕེབས་ཡོད་པ་རེད། སྤྱི་འཐུས་ཀྱི་ངོས་ནས་ལས་ཡུན་ལྷག་མ་ལོ་གཉིས་དང་ཟླ་བ་གཉིས་ཙམ་རིང་ལ་ག་རེ་བྱེད་དགོས་མིན་གོ་བསྡུར་སྦྱངས་བཤད་ལྷུག་པོ་བྱུང་བ་རེད། དེ་དེ་བཞིན་གྱི་སྤྱི་འཐུས་རྒྱུན་ལས་ཀྱི་ནང་ལ་རིམ་བཞིན་གཏན་འབེབ་བྱས་ཏེ་ལས་འགུལ་བརྩམས་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན། རྒྱུན་ལས་ཀྱི་ཚབ་ཞུས་ཏེ་ཞུ་ཡི་ཡོད། སྤྱི་འཐུས་རྣམ་པ་ཚང་མའི་ཚབ་ཞུས་ཏེ་ད་ཐེངས་གྲོས་ཚོགས་འདི་བརྒྱུད་ནས་མང་ཚོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བྱེད་དགོས་པ་དེ་དག་ལས་རིམ་བང་བསྒྲིག་ནས་འཆར་གཞི་ལྡན་པའི་ཐོག་ནས་བྱ་ཡིན་ཞེས་ཞུ་ཡི་ཡོད།

དེ་ནས་ད་ཐེངས་གྲོས་ཚོགས་ནང་ལས་དོན་གལ་ཆེ་བ་ཞིག་དོལ་རྒྱལ་རྗེས་འབྲངས་པའི་གནས་སྟངས་དང་འབྲེལ་བའི་ཐོག་ནས་གཞུང་འབྲེལ་གྲོས་ཆོད་ཅིག་བཞག་ཐུབ་པ་བྱུང་ཡོད། དེའི་ནང་སྤྱི་འཐུས་སོ་གསུམ་སོ་བཞི་ཞིག་གིས་ཆ་ཤས་བླངས་པ་རེད། འཛིན་སྐྱོང་ངོས་ནས་འབྲེལ་ཡོད་བཀའ་བློན་རྣམ་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཆ་ཤས་བླངས་པ་རེད། ལྷག་པར་དུ་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་ད་བར་དོལ་རྒྱལ་རྗེས་འབྲངས་པས་བོད་མི་ཚོར་འཚེ་བའི་ལས་དོན་གང་དང་གང་བརྩམས་ཡོད་མིན་ཟླ་དུས་ཚེས་གྲངས་མིང་དང་བཅས་པ་གྲོས་ཚོགས་འདིའི་ནང་སྙན་སེང་གནང་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་སྡོ་བའི་དོལ་རྒྱལ་རྗེས་འབྲངས་པས་གང་དང་གང་བྱེད་ཀྱི་ཡོད་པ་དེ་དག་ཆ་ཚང་ཧ་ཅང་གསལ་པོ་གྲོས་ཚོགས་ནང་སྙན་སེང་གནང་བ་དེ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་བཞིན་གོ་རིམ་ལེགས་པོ་ཞིག་བསྒྲིག་ནས་མང་ཚོགས་ནང་ལ་གསེད་བཀྲོལ་བྱེད་དགོས་པ་ཞིག་དང་། ལྷག་པར་དུ་ང་རང་ཚོའི་མི་རབས་གསར་པའི་ནང་གནས་ཚུལ་དེ་ཚོའི་སྐོར་ལ་གསལ་པོ་མི་ཤེས་མཁན་ཚོར་ག་དུས་ཡིན་ཡང་བལྟ་ཆོག་ཆོག་ཅིག ཡིག་ཆ་ཞིག་དྲྭ་ལམ་ནང་འཇོག་རྒྱུ་དང་། ཤོག་ཐོག་ལ་ཕུལ་ཐུབ་རྒྱུའི་གནས་བབ་ཅིག དེ་ཡང་བོད་སྐད། རྒྱ་སྐད། དབྱིན་སྐད་གསུམ་གྱི་ཐོག་ནས་འཇོག་ཐུབ་རྒྱུའི་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན།

རྒྱ་ནག་གི་སྲིད་བྱུས་ཀྱི་ཐོག་ནས་དོལ་རྒྱལ་རྗེས་འབྲང་གི་གནས་ཚུལ་དེ་མུ་མཐུད་ནས་འཇོག་དགོས་པ་ཞིག་དང་། དེ་ལ་དངུལ་དང་དངོས་པོའི་རྒྱབ་གཉེར་བྱེད་དགོས་པ་དེ་སྲིད་བྱུས་གཏིང་ཟབ་པོ། རྒྱ་ཆེན་པོ། མ་འོངས་པར་ཡིན་ཡང་ད་ལྟའི་དུས་ཚོད་ལ་ང་ཚོས་དཀའ་ངལ་དེ་སེལ་མ་ཐུབ་ན། བོད་ལ་ཕར་ལོག་རྒྱུའི་གོ་སྐབས་ཤིག་བྱུང་ཡང་དེའི་སྐབས་ལ་བོད་པའི་སྤྱི་ཚོགས་ནང་རྙོག་དྲ་བཟོ་རྒྱུའི་རྒྱུ་རྐྱེན་ཆེན་པོ་ཞིག་བཟོ་ཡི་ཡོད་པ་དེ་ཁ་སང་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་གསུངས་པ་རེད། དེ་རིང་ཚོགས་གཙོས་བསྐྱར་ནན་བྱས་ནས་ཞུ་ཡི་ཡོད། བོད་ནང་འདས་པའི་ལོ་ཁ་ཤས་ནང་གུ་རུ་རིན་པོ་ཆེའི་སྐུ་བརྙན་གཏོར་བའི་ལས་གཞི་དེ་འདྲ་བརྩམས་ཡོད་པ་རེད། ཤེས་རྟོགས་བྱུང་བར་ཁམས་ཀྱི་ས་ཁུལ་ཁ་ཤས་ལ་དོལ་རྒྱལ་གྱི་སྐུ་བརྙན་བྲག་གི་སྟེང་ཆེན་པོ་དེ་འདྲ་བཞེངས་ནས། མ་འོངས་པར་གཏོར་དགོས་ཀྱང་ཁག་པོ་ཆགས་རྒྱུའི་གནས་སྟངས་བཟོས་བསྡད་ཀྱི་ཡོད་པ་རེད། དེ་ཚོ་ང་ཚོ་ཚང་མས་ཤེས་ཀྱི་ཡོད་པ་རེད། དེ་ཚོའི་རྒྱུ་མཚན་ལ་བོད་ནང་ལ་ཡོད་པའི་བོད་མི་ཚོས་དོལ་རྒྱལ་དང་འབྲེལ་བའི་གནད་དོན་གསལ་པོ་བྱས་ནས་མཁྱེན་དགོས་པ་རེད།

ཁ་སང་བཀུར་འོས་སྤྱི་འཐུས་ཤིག་གིས་གསུངས་པ་རེེད། བཙན་འབྱོལ་ནང་ཡོད་པའི་དོལ་རྒྱལ་རྗེས་འབྲང་པ་དེ་ཚོ་བོད་ནང་ལ་ག་དུས་ཕྱིན་ཡང་འགྲོ་ཆོག་ཆོག་དང་། གང་དུ་འགྲོ་འདོད་ཡོད་ཀྱང་འགྲོ་ཆོག་ཆོག རྒྱ་ནག་གཞུང་གི་བཀོད་ཁྱབ་འོག་མི་མང་འདུ་འཛོམས་ཀྱི་ཐོག་ནས་གཏམ་བཤད་བྱེད་རྒྱུའི་སྡིངས་ཆ་བསྐྲུན་རྒྱུ། དེ་ཚོ་ཁོང་ཚོས་བྱས་བསྡད་ཀྱི་ཡོད་པ་རེད། ཡིན་ནའང་མི་མང་གི་ངོས་ནས་ད་བར་དེའི་ཐོག་ལ་གདོང་ལེན་ཡག་ཐག་ཆོད་ཡོང་གི་འདུག་བསམ་པ་ཞིག འོན་ཀྱང་། ས་ཁུལ་ཁ་ཤས་ཤིག་ལ་གནས་ཚུལ་གསལ་པོ་ཆགས་དང་མི་ཆགས་ཀྱི་གནས་སྟངས་འོག་ནས། “ང་ཚོའི་བླ་མ་རིན་པོ་ཆེས་དེ་འདྲ་བཀའ་གནང་ཡོད་ཀྱི་མ་རེད།” ཟེར་བའི་གནས་ཚུལ་དེ་འདྲ་ཡོང་བསྡད་ཀྱི་ཡོད་ས་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་དང་འབྲེལ་བའི་ཐོག་ནས་ཁ་སང་ང་ཚོའི་གྲོས་ཆོད་ནང་འཁོད་པ་ནང་བཞིན་དགོངས་པ་མང་པོ་བཞེས། བརྟག་དཔྱད་གནང་སྟེ་བཀའ་སློབ་གནང་ཡོད་པ་དེ་དེ་རིང་འདི་གྲོས་ཚོགས་བརྒྱུད་ནས་བོད་ནང་ཡོད་མཁན་ཚོས་༸རྒྱལ་དབང་རིན་པོ་ཆེས་བཀའ་སློབ་འདི་འདྲ་གནང་ཡོད་པ་གསན་རྒྱུ་དང་མཇལ་རྒྱུའི་གོ་སྐབས་མ་བྱུང་བ་དེ་འདྲ་ཡོད་ན་འདི་གཅིག་ཞུ་འདོད་བྱུང་། དེ་དེ་བཞིན་སྤང་བླང་ཚུལ་བཞིན་བྱེད་པ། དེ་ཚོའི་ཐོག་ལ་ང་ཚོས་ཆིག་སྒྲིལ་གྱི་ནུས་པ་སྤུངས་རྒྱུ་དང་། བོད་རྩ་དོན་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཡིན་པ་དེ་ངོས་འཛིན་གསལ་པོ་བྱས་ནས། མགོ་བསྐོར་བསླུ་བྲིད་དང་དེ་ཚོའི་ནང་མ་ཚུད་པ། ལྷག་པར་དུ་སོ་སོ་སོའི་ངོས་ནས་དེའི་ཐོག་ལ་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུ་འདོད་བྱུང་།

དེ་ནས་ད་རེས་ང་ཚོ་སྔོན་རྩིས་གྲོས་ཚོགས་རེད། དུས་ཚོད་མང་ཆེ་བ་ཞིག་སྔོན་རྩིས་ཀྱི་ཐོག་ལ་བཏང་བ་རེད། འཛིན་སྐྱོང་གི་ངོས་ནས་སྔོན་རྩིས་འགན་བཞེས་ནས། ལོ་མང་རིང་ཉམས་མྱོང་གསོག་གིན་ལྷག་པར་དུ་ཕྱི་ལོ་ ༢༠༠༡ ནས་སྔོན་རྩིས་འབུལ་ཕྱོགས་ཀྱི་ཐོག་འགྱུར་བ་ཤུགས་ཆེན་པོ་བཏང་ཡོད་པ་རེད། དེ་བཞིན་གྲོས་ཚོགས་ཀྱི་དབང་ཚད་ཀྱང་ཧ་ཅང་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། སྔོན་མའི་སྐབས་བཅུ་གཅིག་བཅུ་གཉིས་སྐབས་སུ་ཡིན་ན་རྒྱུན་གྲོན་དང་དམིགས་བསལ་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་སྟངས་འཛིན་བྱེད་རྒྱུ་ཡོད་པ་རེད། ཡིན་ནའང་ཟུར་བཀོལ་ལ་སྟངས་འཛིན་བྱེད་རྒྱུ་དེ་ཡོད་པ་མ་རེད། ཕྱི་ལོ་ ༢༠༠༡ ལོར་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པའི་མཛད་འགན་བཞེས་པ་ནས་བཟུང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་ལ་མ་ཚུད་པའི་དངུལ་གཅིག་ཀྱང་མེད་པ། གང་ཚུད་པ་དེ་ཡང་གྲོས་ཚོགས་ཀྱི་སྟངས་འཛིན་རང་གི་ཐོག་ནས་བཀའ་འཁྲོལ་སྤྲོད་ཀྱི་ཡོད་པ། དེ་དེ་བཞིན་འཛིན་སྐྱོང་གི་ངོས་ནས་དབང་ཚད་ཁྱབ་བསྒྱུར་བྱེད་རྒྱུ་དེ་ཚོ་སྒྲིག་གཞིའི་དགོངས་དོན་འགྲོ་ལུགས་དང་མཐུན་པ། ཆ་ཚང་ཚད་དང་ལྡན་པ་ཡོང་གི་ཡོད་པ་དེ་ང་རང་ཚོའི་བཟང་ཕྱོགས་ཀྱི་འགྱུར་བ་རེད། འབྲེལ་ཡོད་འཛིན་སྐྱོང་གི་འགན་བཞེས་མཁན་དག་གིས་སྐུ་ལས་བསྐྱོན་ནས་དེ་ཡོང་གི་ཡོད་པ་རེད། ད་ལྟའི་གྲོས་ཚོགས་ནང་དེབ་ཆེན་པོ་བཟོས་ནས་ཕེབས་པ་དེའི་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཡོངས་སུ་རྫོགས་པ། ལས་འཆར་ཡོངས་སུ་རྫོགས་པ། གཟིགས་བདེའི་ལམ་ནས་ཕེབས་བསྡད་ཀྱི་ཡོད་པ་རེད། བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་སྤྱི་ཡོངས་ཀྱི་བགྲོ་གླེང་རེད། ལས་ཁུངས་བྱེ་བྲག་པའི་སྔོན་རྩིས་གཏན་འབེབས་སྐབས་སུ་ཡང་དགོངས་ཚུལ་གསུངས་རྒྱུ་དེ་ཚོ་འགན་ཆེན་པོ་བཞེས་ནས་གནང་བའི་ཚོར་བ་དེ་ཚོགས་གཙོ་སྦྲེལ་པོ་ལ་བྱུང་། དེ་ཡིན་དུས་ཚང་མས་དེའི་ནང་ཆ་ཤས་བཞེས་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

སྔོན་རྩིས་སྤྱི་ཡོངས་ཀྱི་གནས་བབ་དེ་ལ་ང་ཚོ་གྲོས་ཚོགས་སྔོན་མ་དེ་ཚོར་ཡང་བཀའ་མོལ་བྱུང་བ་རེད། ད་ཐེངས་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་ནང་ལ་འདས་པའི་ལོ་གཉིས་ཀྱི་དབར་དེའི་གནས་སྟངས་སྙན་སྒྲོན་གནང་ཡོད་པ་རེད། ཕྱོགས་ཡོངས་ནས་ཡོང་མང་བ་དང་སོང་ཉུང་བའི་གནས་བབ་དེ་སྔོན་རྩིས་གསུང་བཤད་འདིའི་ནང་གསལ་བསྡད་ཡོད་པ་རེད། སྔོན་རྩིས་མ་དངུལ་གྱི་གནས་སྟངས་དང་གཏན་འཇགས་མ་དངུལ་གྱི་གནས་སྟངས་འདི་ད་ལྟ་ས་ཡ་ ༨༠༡/- ཙམ་ཆགས་བསྡད་ཡོད་པ་རེད། དེ་འགོ་བཙུགས་དུས་དེ་ཕྱི་ལོ་ ༡༩༩༦ ཙམ་ནས་འགོ་བཙུགས་ཡོད་པ་རེད། འགོ་བཙུགས་དགོས་དོན་དེ་ཡང་གཏན་འཇགས་མ་དངུལ་དེ་ཤུགས་ཆེ་རུ་བཏང་ཐུབ་པ་ཡིན་ན། དེའི་སྐྱེས་འབབ་ཀྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སོང་གཏོང་ཐུབ་ཀྱི་རེད་སྙམ་པའི་རེ་བ་བརྒྱབ་ཀྱང་། འཛམ་བུ་གླིང་སྤྱིའི་དཔལ་འབྱོར་འགྱུར་འགྲོས་དང་ལྷག་པར་དུ་རྒྱ་གར་གྱི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་ཕྱིན་པའི་རྒྱུ་མཚན་ལ་བརྟེན་ནས་སྐྱེས་འབབ་དེ་དག་རང་བཞིན་གྱིས་ཉུང་དུ་ཕྱིན་བསྡད་ཡོད་པ་རེད། དེར་བརྟེན་ཐོག་མའི་རེ་བ་ཡོད་པ་བཞིན་ད་ལྟ་ང་ཚོ་འགྲོ་ཐུབ་ཀྱི་མེད་ཀྱང་། ཕྱི་ལོ་ ༡༩༩༦ ནས་འགོ་བརྩམས་ཏེ་ད་བར་སྔོན་རྩིས་མ་དངུལ་དང་གཏན་འཇགས་མ་དངུལ་ནང་ལ་ས་ཡ་ ༨༠༡/- ཙམ་སླེབས་པ་དེ་རང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པ། དངོས་ཡོད་གནས་སྟངས་ཐོག་ནས་ལས་འཆར་མ་དངུལ་དང་། སྤྱིར་བཏང་གི་མ་དངུལ་ཐོག་ནས་བགྲོ་གླེང་ནང་ཞུས་བསྡད་པ་རེད། སྔོན་མ་བགྲོ་གླེང་ནང་མང་པོ་ཞུས་བསྡད་པ་ཟུར་བཀོལ་ནས་མང་པོ་བཏང་གི་འདུག་ཟེར་བ་དེའི་གནས་བབ་དེ་རེད། དེ་ཚོའི་གྲས་དེ་ཕྲན་བུ་ཉུང་དུ་འགྲོ་གིན་ཡོད་མོད་ཕྱོགས་གཉིས་ཀ་ནས་བལྟས་ན་གནས་སྟངས་འགྲིག་ཐག་ཆོད་འདྲ་པོ་ཞིག་ཡོད་པ་དེ། ད་ཐེངས་སྔོན་རྩིས་གསུང་བཤད་ནང་ནས་གསལ་པོ་ཆགས་བསྡད་ཀྱི་ཡོད་པ་རེད་ལ། ཟུར་བཀོལ་གྱི་ལྷག་འཆར་ལྟ་བུ་ཡིན་ཡང་ས་ཡ་ ༡༨༧༡ /- ཙམ་ལྷག་འཆར་ནང་འཁྱེར་བསྡད་ཀྱི་ཡོད་པ་རེད། ལས་འཆར་གྱི་དངུལ་ལོ་རང་བཀག་གཅིག་པུ་མ་ཡིན་པར་ལོ་ཁ་ཤས་གནང་དགོས་རྒྱུའི་དངུལ་འབབ་དེ་ཚོ་ཡང་དེ་ཚོའི་ནང་ཚུད་བསྡད་ཀྱི་ཡོད་པ་རེད། དེ་ཡིན་དུས་ཁྱོན་ཡོངས་ཀྱི་གནས་བབ་ཀྱི་ཐོག་ནས་བལྟས་པ་ཡིན་ན་འགྲིག་ཐག་ཆོད་ཅིག་འདུག་སྙམ་པ་ཞིག་སྔོན་རྩིས་ཀྱི་དེབ་འདི་ནས་མཇལ་ཐུབ་རྒྱུ་ཞིག་རེད་ཅེས་དེ་ཞུ་ཡི་ཡོད། འཆར་ལོའི་འགྲོ་སོང་ཐོག་ལ་མང་ཚོགས་ནང་ནས་ཐུགས་སྣང་གནང་མཁན་དེ་འདྲ་ཡོད་ན། ད་ལོ་གང་འཚམས་ཤིག་མང་དུ་ཕྱིན་ཡོད་པ་རེད། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོའི་ནང་གསལ་ཡོད་པ་རེད་ལ། དཔལ་ལྡན་དཔལ་འབྱོར་བཀའ་བློན་གྱི་སྔོན་རྩིས་གསུང་བཤད་ནང་དུའང་གསལ་ཡོད་པ་རེད། གཙོ་བོ་དེ་སམ་བྷོ་ཊའི་སྔོན་རྩིས་ནང་ལ་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཆུང་བ་དེ་ཚོ་རྩིས་ལེན་རྒྱུ་དང་འབྲེལ་བའི་ཐོག་ནས་སླེབས་ཡོད་པར་བརྟེན། ལོ་རང་བཀག་འདིའི་ནང་བལྟས་པ་ཡིན་ན། སྔོན་མ་ལས་བརྒྱ་ཆ་མང་དུ་ཕྱིན་ཡོད་པའི་གནས་སྟངས་འདི་རྩ་བའི་གསལ་པོ་ཆགས་ཡོད་ཀྱི་རེད་མོད། སྔོན་རྩིས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་ནས་ཚོགས་གཙོས་དེ་གསལ་ཙམ་ཞུས་ན་བསམ་པ་རེད། གང་ལྟར་ད་ལོའི་ལོ་གཅིག་པུའི་ནང་གཟིགས་ན། ད་ལོའི་གཏོང་ལེན་ཁྲིམས་ཡིག་དེའི་ནང་ཕྲན་བུ་ཞིག་འགྱུར་བ་བཏང་བའི་རྒྱུ་མཚན་ལ་བརྟེན་ནས་དེའི་ནང་ནས་གནས་ཚུལ་གསལ་པོ་ཞིག་ག་རེ་ཆགས་ཐུབ་ཀྱི་རེད་ཅེ་ན། རྒྱུན་གྲོན་དང་དམིགས་བསལ་བང་མཛོད་ནས་ག་ཚོད་གཏོང་གི་ཡོད་མིན་དང་། དེའི་གནས་སྟངས་ཆ་ཚང་ཞིག་གསལ་པོ་བཟོ་ཐུབ་རྒྱུ། ཟུར་བཀོལ་དེ་ཟུར་བཀོལ་རང་ནས་གཏོང་གི་ཡོད་པ་རེད། ཡང་ཕྱོགས་གཞན་ཞིག་ནས་རྒྱུན་གྲོན་དང་དམིགས་བསལ་གཅིག་པུ་ལ་ག་ཚོད་འགྲོ་གི་ཡོད་མིན། དེ་ཡང་ལས་ཁུངས་རེ་རེ་བྱས་ནས་གཟིགས་ཐུབ་རྒྱུའི་གནས་བབ་ཅིག་དེ་རིང་གཏོང་ལེན་ཁྲིམས་ཡིག་དེའི་ནང་། འབྲེལ་ཡོད་སྡེ་ཚན་དཔལ་འབྱོར་ལས་ཁུངས་ནས་རྒྱུན་གྲོན་དང་དམིགས་བསལ་ཁོ་ནའི་ཆེད་དུ་ས་ཡ་ ༦༧༧ ཟུར་བཀོལ་དང་བང་མཛོད་ནས་གཏོང་རྒྱུའི་གནས་བབ་དེ་ཚོ་འདིའི་ནང་ལ་གསལ་བསྡད་ཡོད་པ་རེད། འདི་ཞུ་དགོས་དོན་ནི་རྩིས་ཀྱི་ཐོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་ཀྱི་ཐོག་ལ་ཐུགས་སྣང་གནང་མཁན་དེ་འདྲ་ཡོད་པ་ཡིན་ན། དེ་འདྲ་གཟིགས་རྒྱུ་ཡོད་པ་རེད་ཅེས་ཚོགས་གཙོས་དེ་རིང་འདི་ནས་དེ་ཞུ་ཡི་ཡོད།

སྔོན་རྩིས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས། བཀའ་ཤག་ལ་སྤྱི་ཡོངས་དང་ལས་ཁུངས་བྱེ་བྲག་པ་རེ་རེའི་ལས་དོན་བྱེད་ཕྱོགས་ལ་དྲི་བ་མང་པོ་གནང་ཡོད་པ་རེད། དྲི་བ་གནང་དགོས་རྒྱུ་དེ་ཚོ་ཡང་གལ་ཆེན་པོ་རེད། སྔོན་མ་ནས་ཚོགས་གཙོས་ཞུ་སྡོད་ཀྱི་ཡོད། གང་ལྟར་གྲོས་ཚོགས་ཀྱི་ལས་རིམ་དེ་སྡིངས་ཆ་ཆེ་ཤོས་ཤིག་དང་བརྒྱུད་ལམ་ཡག་ཤོས་ཤིག ལྷག་པར་དུ་དེང་སང་གྲོས་ཚོགས་ཀྱི་ལས་རིམ་ལ་གཟིགས་མཁན་ཧ་ཅང་མང་པོ་རེད། ཕྱི་ཟླ་ ༩ པ་དང་ཕྱི་ཟླ་ ༣ པའི་གྲོས་ཚོགས་བསྡུར་བ་ཡིན་ན། ཕྱི་ཟླ་ ༣ པའི་གྲོས་ཚོགས་ལ་གཟིགས་མཁན་ཏོག་ཙམ་ཉུང་བ་ཡོད་པ་རེད། ད་ལྟ་དྲྭ་ལམ་ལ་ང་ཚོས་བལྟ་དུས་ཆུ་ཚོད་འབུམ་བརྒལ་བ་བལྟ་མཁན་བྱུང་འདུག གྲངས་ཀའི་ཐོག་ནས་སྟོང་ཕྲག་ ༥༦ ལྷག་བྱུང་འདུག དེ་ཉིན་གཅིག་གི་ལས་རིམ་ལ་ཐེངས་གཉིས་གསུམ་བལྟས་པ་དེ་འདྲའང་ཡོང་སྲིད་པ་རེད། ལས་རིམ་དེ་ Youtube དང་ tibetonline ནང་ལ་བཞག་ཡོད་དུས་མ་འོངས་པར་དུས་ཚོད་ཁོམ་གིན་གཟིགས་མཁན་ཡང་མང་དུ་འགྲོ་གི་རེད། དེ་བཞིན་གྲོས་ཚོགས་ཀྱི་ལས་རིམ་དེ་འོད་སྡེར་གྱི་ཐོག་ནས་ས་གནས་སོ་སོར་བསྐུར་གྱི་ཡོད་དུས། ས་གནས་ལ་ཡུན་རིང་མ་སླེབས་པའི་གནས་ཚུལ་དེ་ཚོ་ཡང་། ཁ་སྔོན་ང་ས་གནས་ལ་ཕྱིན་པའི་སྐབས་ལ་མི་ཞིག་གིས་དེ་འདྲ་གསུང་གི་འདུག གཞིས་ཆགས་ལ་ང་ཚོས་གྲོས་ཚོགས་ལས་རིམ་དེ་ཧ་ཅང་མང་པོ་བལྟ་གི་ཡོད། དེང་སང་ཇ་བཟོ་བར་ཕྱིན་ཡང་སུས་བཞེངས་ནས་བཀའ་མོལ་གནང་གི་ཡོད་པ་ཤེས་ཀྱི་འདུག བཞུགས་གྲལ་གང་དུ་བཞུགས་ཀྱི་ཡོད་པ་དེ་ཡང་ཤེས་ཀྱི་འདུག བརྙན་འཕྲིན་ལ་དངོས་སུ་བལྟ་དགོས་ཀྱི་མི་འདུག དེ་འདྲའི་དོ་སྣང་ཆེན་པོ་ཞིག་བྱེད་ཡུལ་དུ་གྱུར་ཡོད་པ་རེད། དེར་བརྟེན་འཛིན་སྐྱོང་བཀའ་ཤག་གི་ངོས་ནས། སྤྱི་འཐུས་རྣམ་པ་ཚོས་མི་མང་གི་ཚབ་བྱས་ཏེ་བདེ་སྡུག་ཞུ་བ་དང་། དྲི་བ་གཏོང་རྒྱུ། གནས་ཚུལ་གསལ་པོ་བཟོ་རྒྱུའི་རིགས་དེ་གནང་གི་ཡོད་པ་སོང་ཙང་། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་འགན་འཁུར་ནས་མང་ཚོགས་ལ་གསལ་པོ་བཟོ་རྒྱུའི་གནད་དོན་མང་པོ་ཞིག་གྲོས་ཚོགས་བརྒྱུད་ལམ་འདིའི་ཐོག་ནས་བཟོ་ཐུབ་སོང་བསམ་པ་བྱུང་།

སྐབས་རེ་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་དཀའ་ངལ་ཕྲན་བུ་ཡོང་བསྡད་ཀྱི་རེད། མ་འོངས་པར་ཡིན་ཡང་དེ་འདྲ་རྩ་བ་ནས་ཡོང་གི་མ་རེད་ཅེས་ཞུ་མི་ཐུབ་ཀྱང་། ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད། མང་ཚོགས་ཀྱི་ཐོག་ནས་ཀྱང་གནད་དོན་མང་པོ་ཞིག་ལ་ཡག་པོོ་བྱུང་སོང་བསམ་གྱི་ཡོད། དེ་བཞིན་སྔོན་རྩིས་གཏན་འབེབས་བྱས་ཟིན་པ་རེད། དངུལ་འཛིན་སྐྱོང་གིས་ཐབས་ཤེས་གནང་གི་ཡོད་པ་རེད། གལ་ཆེ་ཤོས་དེ་ལག་བསྟར་བྱེད་རྒྱུ་དེ་རེད། དངུལ་ག་ཚོད་ཡོད་པ་དེ་ཚད་དང་ལྡན་པའི་བེད་སྤྱོད་གཏོང་རྒྱུ། དབུས་ས་གཉིས་ཀའི་འགན་འཁུར་མི་སྣས་དངུལ་ག་ཚོད་ཡོད་པ་དེ་ཚད་དང་ལྡན་པའི་བེད་སྤྱོད་གཏོང་ཐུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་དེ་རིང་འདིར་ཞུ་ཡི་ཡོད། ཁ་སྔོན་སྔོན་རྩིས་བགྲོ་གླེང་སྐབས་སུ་ཡང་རང་ཁ་རང་གསོའི་བཀའ་མོལ་མང་པོ་ཞིག་བྱུང་བ་རེད། རང་ཁ་རང་གསོར་ཡང་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་མང་པོ་ཞིག་ཡོང་གི་ཡོད་པ་རེད། ཚོགས་གཙོ་གཉིས་ཀྱི་ལྟ་སྟངས་ཀྱི་ཐོག་ནས་རང་ཁ་རང་གསོ་ཟེར་དུས་གཞན་ལ་བརྟེན་མི་དགོས་པའི་གནས་བབ་ཅིག་ལ་གོ་གི་ཡོད། ད་ལྟའི་ང་ཚོའི་གནས་འབབ་ཀྱི་ཐོག་ནས་གཞན་ལ་བརྟེན་མི་དགོས་པའི་ཐོག་ནས་བོད་པ་རང་གིས་བོད་པའི་འཐབ་རྩོད་ལ་རམ་འདེགས་ཞུས་ནས། ང་རང་ཚོའི་རྐང་པ་སྟེང་ལངས་ཐུབ་རྒྱུ་དེ་ཡོང་གི་མེད་པ་གསལ་པོ་རེད། ལོ་རེ་བཞིན་ཚོགས་གཙོའི་ངོས་ནས་དཔལ་འབྱོར་ལས་ཁུངས་ནས་ཐོ་གཞུང་ཞིག་བླངས་པ་ཡིན། ཕྱི་ལོ་ ༡༩༦༠ རེ་གྲངས་ནས་ང་ཚོས་ལོ་རང་བཀག་གི་འགྲོ་སོང་ག་ཚོད་བཏང་འདུག ག་ཚོད་ཕྱིན་འདུག ག་ཚོད་མང་དུ་འགྲོ་གི་འདུག ཕལ་ཆེར་ཕྱི་ལོ་ ༡༩༦༠-༡༩༩༠ བར་ལོ་ལྔ་རེའི་མཚམས་སུ་ལྡབ་རེ་འཕར་འགྲོ་གི་འདུག ད་ལྟར་མཚོན་ན་ང་ཚོས་ས་ཡ་ ༡༨༩༢ /- ཙམ་གྱི་སྐད་ཆ་ཤོད་ཀྱི་ཡོད་པ་རེད། ཕྱོགས་བསྡོམས་མ་དངུལ་དེའི་ནང་མ་ཚུད་པའི་འཕྲོད་བསྟེན་ལས་ཁུངས་དང་ས་གནས་འགོ་འཛིན་ཚོ་བརྩི་ཡི་ཡོད་པ་མ་རེད། དེའི་ཐོག་བོད་ཕྲུག་ཁྱིམ་སྡེ་ལ་སོགས་པའི་སློབ་གྲྭའི་ཁྱབ་ཁོངས་ཚང་མ་བརྩིས་ན་དེ་ག་རང་ལ་ས་ཡ་ ༥༠༠ /- ལྷག་འགྲོ་གི་ཡོད་པ་ཚང་མས་མཁྱེན་གྱི་ཡོད་པ་རེད། དགོན་སྡེ་ཁག་གི་འགྲོ་སོང་སོ་སོས་ཐབས་ཤེས་བྱས་ནས་འགྲོ་བཞིན་པ་རེད། རྡ་སའི་གཡས་གཡོན་གྱི་ང་ཚོའི་སྒྲིག་འཛུགས་རང་སྐྱོང་སྡེ་ཚན་ཁག་ཡིན་ཡང་སྨན་རྩིས་ཁང་ལྟ་བུ་ཞིག་ཡིན་ན་ལོ་གཅིག་ལ་ག་ཚོད་འགྲོ་གི་ཡོད་མིན། དེ་དག་ཚང་མ་ཕྱོགས་བསྡོམས་གནང་པ་ཡིན་ན་འགྲོ་སོང་ཧ་ཅང་ཕོན་ཆེན་པོ་རེད། ད་ལྟ་འདིར་དཔལ་འབྱོར་བཀའ་བློན་གྱི་སྙན་ཐོའི་ནང་གསལ་བཞིན་སྡེ་ཚན་ཁག་ག་ཚོད་ཙམ་ཞིག་འདིའི་ནང་ཚུད་ཡོད་དམ་ཟེར་བའི་གནས་སྟངས་དེ་འདི་རེད། དེར་བརྟེན། རང་ཁ་རང་གསོ་ཡོང་བར་སྤྱིར་བཏང་གྲོས་ཚོགས་ནང་ལ་བསམ་ཚུལ་གང་ཙམ་ཞིག་ཕུལ་ཡོད་པ་རེད། སྤྱི་ཚོགས་ཀྱི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པས། དཔྱ་ཁྲལ་དེ་ཏོག་ཙམ་སྤར་ན་ཞེས་པའི་གྲོས་ཚོགས་ཀྱི་དགོངས་པར་བྱུང་ཡོད་ཀྱང་། འདས་པའི་ལོ་བཅོ་ལྔ་ཡས་མས་ཤིག་ལ་དཔྱ་ཁྲལ་སྤར་རྒྱུའི་གནས་སྟངས་དེ་བྱུང་ཡོད་པ་མ་རེད། འཛིན་སྐྱོང་གི་ངོས་ནས་དཔྱ་ཁྲལ་སྤར་བ་ལས་དཔྱ་ཁྲལ་བསྡུ་མཁན་མང་དུ་གཏོང་ཐུབ་ན་ཞེས་པའི་དགོངས་པ་དེ་ཏན་ཏན་རེད། ཡིན་ནའང་སྤྱི་ཚོགས་ཀྱི་གནས་བབ་དང་འགྱུར་བ། ངས་ནམ་རྒྱུན་མང་ཚོགས་ནང་ལ་སྐད་ཆ་ཤོད་པའི་སྐབས་སུ་གང་བཤད་ཀྱི་ཡོད་ཟེར་ན། ང་ཚོ་ཟས་བཅད་ཀྱི་དོད་ཟེར་བ་དེ་ལོ་གཅིག་ནང་ལ་ཉིན་གཉིས་ཁ་ལག་མ་བཟས་པར་ཡར་འབུལ་གྱི་ཡོད་ཟེར་གྱི་ཡོད་པ་རེད་གདའ། གཙོ་བོ་དེ་རེད། ད་ལྟ་ཡིན་ཡང་རྒྱ་གར་ནང་ལ་ཟས་བཅད་ཀྱི་དོད་དེ་སྒོར་མོ་བཅུ་རེད། ཕྱི་རྒྱལ་ལ་ཡིན་ན་ཌོ་ལར་བཅུ་རེད། ཉིན་གཉིས་རེར་སྒོར་ལྔ་རེ་རེད། སྒོར་ལྔ་ཡི་དེང་སང་སྒོང་ང་བཙོས་པའི་ཞོགས་ཇ་ཞིག་ཀྱང་རག་མི་རག་གི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན་དངོས་ཡོད་གནས་སྟངས་དང་རན་པའི་བོད་མི་རང་གིས་ང་རང་ཚོ་སྒྲིག་འཛུགས་ཀྱི་འགྲོ་སོང་གི་ཆེད་དུ་གཏོང་རྒྱུའི་བསམ་བློ་དེ་ཤུགས་ཆེ་རུ་གཏོང་ཐུབ་པ་ཡིན་ན། དེ་རིམ་པས་ང་ཚོ་ཡར་རྒྱས་འགྲོ་རྒྱུ་དང་། གཞན་བརྟེན་བྱེད་མི་དགོས་པའི་སོ་སོའི་རང་ཁ་རང་གསོ་དངོས་གནས་བྱེད་ཐུབ་རྒྱུ་དེ། དོན་གཅོད་ཚོར་ཡང་ཁྱེད་ཚོ་རང་ཁ་རང་གསོ་བྱེད་ཅིག་ལབ་པ་ཡིན་ན། དོན་གཅོད་ཚོས་དཔལ་འབྱོར་ཐབས་ཤེས་བྱེད་ཐུབ་པ་ཡིན་ན། རང་ཁ་རང་གསོ་ཆགས་པའི་བཟོ་འདྲའི་དེ་འདྲའི་གནས་སྟངས་ཀྱི་འགྲེལ་བཤད་མི་དགོས་པ་ཞིག ཆ་ཚང་བ་ཞིག་ང་ཚོ་སྐྱབས་བཅོལ་པའི་གནས་བབ་ནས་ཡོང་ཐུབ་རྒྱུ་ཞིག་མ་རེད་མོད། དེ་འདྲའི་ཕྱོགས་སུ་འཁྲིད་རྒྱུ་ཞིག་དང་བོད་མི་ཚོའི་བསམ་བློའི་ནང་ང་རང་ཚོས་ཡར་ག་ཚོད་ཅིག་འབུལ་གྱི་འདུག དཔེར་ན། ད་ལྟ་འདིར་ང་ཚོས་ས་ཡ་ ༡༨༠༠ ནས་ ༡༩༠༠ ཡས་མས་ཤིག་གསུང་གི་ཡོད་པ་རེད། དེའི་ནང་ལ་ང་ཚོས་བོད་པ་ཚོས་ག་ཚོད་འབུལ་གྱི་འདུག བརྒྱ་ཆ་ ༦།༧།༨ ཙམ་རེད། དེ་ཡིན་དུས་རང་ཁ་རང་གསོའི་གནས་བབ་དེའི་ཐོག་ལ་ཁ་སང་ཚོགས་གཙོ་གཉིས་ལ་ཚོར་བ་ཞིག་བྱུང་སོང་། དེ་དང་འབྲེལ་བའི་ཐོག་ནས་དེ་རིང་མཇུག་བསྡོམས་དེར་གཅིག་ཞུས་ན་བསམ་པ་རེད།

དེ་བཞིན་ལས་བྱེད་ཚོའི་སྐོར་ལ་ཡང་བཀའ་མོལ་མང་པོ་བྱུང་བ་རེད། གྲོས་ཚོགས་ནང་སྐབས་རེ་བཀའ་མོལ་གླེང་སྟངས་ཤིག་གི་ཐོག་ནས་ལས་ཁུངས་བྱེ་བྲག་པ་ཞིག་བཤད་པའི་སྐབས་བསྔགས་བརྗོད་གནང་དུས། ལས་བྱེད་གཞན་པ་ཚོའི་ཐུགས་ལ་ཕོག་ཐུག་འགྲོ་མི་སྲིད་པ་མ་ཡིན་པར་བརྟེན། གྲོས་ཚོགས་ནང་ལ་ལས་ཁུངས་བྱེ་བྲག་པར་བསྟོད་བསྔགས་གནང་བ་ཧ་ཅང་ཡག་པོ་རེད། ངོས་ལེན་གནང་བ་རེེད། ལས་ཁུངས་གཞན་པའི་ལས་བྱེད་ཚོ་ཡང་དཀའ་ལས་དང་ཕྱག་ལས་ཧུར་ཐག་གནང་གི་ཡོད་པ་ཞིག་གྲོས་ཚོགས་ཁྱོན་ཡོངས་ནས་ངོས་ལེན་ཞུ་རྒྱུ་ཡིན། དེ་བཞིན་ལས་བྱེད་པ་བྱེ་བྲག་པ་ཁ་ཤས་ཀྱི་མིང་འདོན་བྱས་ནས་གླེང་སློང་བྱེད་དགོས་བྱུང་བ་དེ་ཚོ་ཡང་རྩིས་དང་འགྲོ་ལུགས་ཤིག་གི་གནས་བབ་འོག་ནས་སྐད་ཆ་འདྲི་ཡི་ཡོད་པ་རེད་མ་གཏོགས། ལས་བྱེད་དེ་ཚོའི་ལྷག་བསམ་དང་འཇོན་ཐང་དེ་ཚོར་བསྙོན་འཛུགས་བྱས་པ་དེ་འདྲ་རྩ་བ་ཉིད་ནས་མ་རེེད་ཅེས་ཚོགས་གཙོས་ཞུས་པ་ཡིན་ན། ཁ་ཤས་ཀྱི་ཐུགས་ལ་མི་བདེ་བ་བྱུང་ཡོད་པ་དེ་སངས་ཐུབ་པའི་རེ་བ་དང་། ད་བར་ལས་བྱེད་པ་རྣམ་པ་ཚོས་སོ་སོའི་ལས་དོན་ཡག་ཐག་ཆོད་ཅིག་སྒྲུབ་ཀྱི་ཡོད་པ་རེད་ལ། མ་འོངས་པར་ཡིན་ཡང་སྲིད་སྐྱོང་དབུས་པའི་འཛིན་སྐྱོང་མི་བདུན་དེས་ཆ་ཚང་བྱེད་ཐུབ་ཀྱི་མེད་པ། གྲོས་ཚོགས་ཀྱི་ལས་འགན་དེ་འདིར་བཀའ་མོལ་ཞུ་རྒྱུ་དེ་རེད། དངོས་སུ་ལག་ལེན་བསྟར་མཁན་དེ་དག་ལས་བྱེད་ཚོ་ཆགས་ཀྱི་ཡོད་དུས། ལས་བྱེད་པ་ཚོས་ད་བར་ཡག་པོ་གནང་བཞག་པ་འདི་གྲོས་ཚོགས་ཀྱིས་ངོས་འཛིན་ཞུས་པའི་ཐོག་ནས། མ་འོངས་པ་ཡིན་ཡང་འབད་བརྩོན་ལྷོད་མེད་གནང་དགོས་རྒྱུ་དང་། དོན་དག་གྲུབ་དང་མ་འགྲུབ་ཟེར་བ་ཚང་མ་ཁྱེད་ཚོར་རག་ལས་ཀྱི་ཡོད་པ་རེད་ཅེས་འདི་ཞུ་འདོད་བྱུང་།

དེ་ནས་ང་ཚོས་ཁྲིམས་བཟོའི་ལས་དོན་གནང་བ་རེད། སྐབས་རེ་དགོངས་མི་སྲིད་པ་མ་རེད། གྲོས་ཚོགས་ག་དུས་འཚོགས་ཀྱང་ཁྲིམས་དང་སྒྲིག་གཞི། བཅའ་ཁྲིམས་དེ་དག་འཁུར་ནས་སྡོད་ཀྱི་འདུག་དགོངས་མི་སྲིད་པ་མ་རེད་མོད། གང་དགོས་མཁོ་ཡོད་པ་དང་། གང་དུས་དང་རན་པ་དེ་དག་ཆ་ཚང་ཞིག་གྲོས་ཚོགས་འདིའི་ནང་འཁྱེར་ཡོང་གི་ཡོད་པ་རེད། དེ་རིང་ཡིན་ཡང་ཁྲིམས་བཟོའི་ལས་དོན་དེ་ཚོ་ཡག་པོ་དང་ཚགས་ཚུད་པོ་བྱུང་སོང་ཞེས་དེ་ཞུ་འདོད་བྱུང་།

དེ་ནས་ད་གིན་གོང་དུ་དགོངས་ཞུ་སྙན་སྒྲོན་ཞུས་པ་བཞིན། སྤྱི་འཐུས་ཆུང་བདག་ཀོ་རིན་ལགས་རྩ་དགོངས་ཞུ་དགོས་པའི་གནས་སྟངས་བྱུང་བ་རེད། གཙོ་བོ་དེ་ཁོ་རང་གི་སྐུ་གཟུགས་ཀྱི་གནས་བབ་རེད། ཁ་སྔོན་གྲོས་ཚོགས་ནང་བཅར་རྒྱུའི་འཆར་གཞི་ཆ་ཚང་ཡོད་པ་རེད། བཞུགས་ས་དང་ལས་ཁུངས་ནས་མཐུན་རྐྱེན་གང་སྦྱར་དགོས་པ་ཚང་མ་བཀའ་མོལ་བྱུང་བ་མ་ཟད། ཁོང་རང་གི་སྐུ་ཟླ་ཡང་མཉམ་དུ་ཕེབས་རྒྱུ་བྱས་པ་རེད། སྐུ་གཟུགས་ཀྱི་གནས་བབ་ཡག་པོ་མེད་ཀྱང་འདིར་ཆ་ཚང་ཞིག་བང་བསྒྲིགས་པ་རེད། མཐའ་མར་སྨན་པས་ཁྱེད་རང་དྲག་སྐྱེད་ཕྲན་བུ་འགྲོ་གི་འདུག ད་ཐེངས་ཁྱེད་རང་རྒྱ་གར་ལ་ཕྱིན་པ་ཡིན་ན་གཟུགས་པོའི་གནས་བབ་ཀྱི་འགན་དེ་སྨན་པས་འཁྱེར་ཐུབ་རྒྱུ་ཁག་པོ་རེད་ཅེས་གསུངས་པས་བཅར་མ་ཐུབ་པ་རེད། ང་ཚོས་སྒྲིག་གཞིའི་ནང་དོན་གོ་བ་ལེན་ཕྱོགས་ཤིག་གི་ཐོག་ནས་དམིགས་བསལ་གྱི་གནས་བབ་དེ་ཡང་བསྐྲུན་ཐུབ་མ་སོང་། དེར་བརྟེན་ཁོ་རང་དགོངས་པ་ཞུས་པ་རེད། ད་ལྟ་ཡིན་ཡང་ཁོ་རང་ཐུགས་བདེ་པོ་མེད་པ་དེ་ཤེས་ཀྱི་ཡོད། ང་ཚོས་གྲོས་ཚོགས་འདི་བརྒྱུད་ནས་ཁོ་རང་གི་ལྷག་བསམ་ང་ཚོས་ཤེས་ཀྱི་ཡོད། ཡིན་ནའང་དེ་རིང་དགོངས་པ་ཞུས་པའི་གནས་སྟངས་དེ་ལྟར་ཆགས་པ་རེད། དེ་ཁོ་རང་གིས་འགན་མ་འཁྱེར་བ་དང་འགན་འཁུར་གྱི་འདོད་པ་མེད་པ་དེ་འདྲའི་དབང་གིས་མ་རེད་ཅེས་ཞོར་དུ་འདི་གཅིག་ཞུ་འདོད་བྱུང་།

མཐའ་མ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་འདི་འདྲ་ཞིག་འཛོམས་རྒྱུ་ཡོད་པ། སྤྱི་པའི་ལས་དོན་ལ་ཞུགས་པ། བོད་མིའི་སྒྲིག་འཛུགས་ཞེས་པའི་མིང་ཞིག་ཡོད་པ་དང་། བོད་ནང་ཡོད་མཁན་གྱི་བོད་མི་ཚོས་ཀྱང་ལྟོས་ས་ཞིག་དང་། ང་ཚོས་བོད་ནང་ཡོད་མཁན་གྱི་བོད་མི་ཚོར་ཕར་ལྟོས་ཀྱི་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་གཞིས་བྱེས་གཉིས་ཀྱི་བླ་སྲོག་ལ་བརྩི་གི་ཡོད་པ་དང་། ང་ཚོའི་ངོས་ནས་གང་ཐུབ་བྱེད་དགོས་རྒྱུ་དེ་གལ་ཆེན་ཡིན་པས་དེའི་གནས་སྟངས་ཤིག་རེད། ངས་གནད་དོན་གཅིག་ལྷག་འདུག ད་གིན་དཔལ་ལྡན་སྲིད་སྐྱོང་མཆོག་གི་སྤྱི་ཡོངས་ཀྱི་བོད་ཀྱི་གནད་དོན་དང་། ཁྱིམ་མཚེས་རྒྱལ་ཁབ་དང་དེ་ཚོའི་སྐོར་ལ་འགྲེལ་བཤད་ཆ་ཚང་ཞིག་གནང་ཟིན་པ་རེད། གྲོས་ཚོགས་འདིའི་ངོས་ནས་རེ་བ་གང་ཞིག་ཞུ་ཡི་ཡོད་དམ་ཟེར་ན། འཛིན་སྐྱོོང་གི་ངོས་ནས་སྔར་ལས་ལྷག་པ་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པ་དེ་གལ་ཆེན་ཆགས་ཀྱི་འདུག རྩ་བའི་མ་གནང་བ་དེ་འདྲ་རྩ་བ་ཉིད་ནས་ཡིན་གྱི་མ་རེད། ཡིན་ནའང་དེའི་ཐོག་ལ་ག་རེ་གནང་ཡོད། ག་རེ་བྱེད་ཀྱི་ཡོད་ཅེས་གྲོས་ཚོགས་ཀྱི་ངོས་ནས་དེ་ལ་ཉམས་ཞིབ་དགོས་ཀྱི་འདུག གཅིག་བྱས་ཡོད་དང་མེད་རྩ་བ་ཉིད་ནས་ཞུས་ཡོད་པ་མ་རེད། ཞུ་མི་དགོས་པའི་དགོས་པ་རྒྱུ་མཚན་ཞིག་གི་ཐོག་ནས་རེད། འཛིན་སྐྱོང་གི་ཏན་ཏན་གནང་ཡོད་ཀྱི་རེད་ལ། ཚོགས་གཙོའི་ངོས་ནས་གྲོས་ཚོགས་འདི་བརྒྱུད་ནས་ལོ་འདིའི་ནང་ལས་རིམ་མང་པོ་ཞིག་གོ་རིམ་བསྒྲིགས་ཡོད་ཀྱང་། རེ་བ་ཆེན་པོ་ཞིག་བརྒྱབ་བསྡད་ཀྱི་ཡོད། མཁས་པ་ཚོས་མང་པོ་བཤད་ཀྱི་ཡོད་པ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་གིན་གསུངས་པ་རེད། ཞི་ཅིན་ཕིན་གྱིས་དབང་ཆ་ཚང་མ་ཡར་བསྒྲིལ་ཚར་དུས་བློ་ཁོག་དང་ལྡན་པའི། ལྷག་པར་དུ་བོད་དང་ཆབ་སྲིད་ཀྱི་དཀའ་ངལ་སེལ་རྒྱུར་ཤུགས་རྒྱག་མདོག་ཁ་པོོ་རེད། ང་ཚོས་ཀྱང་བོད་པའི་གནས་ཚུལ་དེ་གསོན་པོར་གནས་ཐུབ་རྒྱུ་དེ་གལ་ཆེན་པོ་རེད། ལྷག་པར་དུ་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་དེ་འགོ་འཛུགས་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།

མཐའ་དོན་ཐུགས་རྗེ་ཆེ་ཞུའི་ནང་ལ། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གྲོས་ཚོགས་ནང་ལ་ཐུགས་འགན་བཞེས་རྒྱུ། གང་ལྟར་གྲོས་ཚོགས་ལ་འགན་འཁྱེར་སྟངས། ལན་འདེབས་སྟངས། རྩིས་རྒྱབ་སྟངས། དེ་ཚོའི་ཐོག་ནས་ཐུགས་འགན་ཡག་པོ་བཞེས་གནང་སོང་ལ། སྤྱི་འཐུས་རྣམ་པ་ཚང་མས། གྲོས་ཚོགས་ག་དུས་འགོ་བཙུགས་ཀྱང་ཚོགས་གཙོས་ཞུ་གི་ཡོད་ལ། མཇུག་བསྡུ་དུས་ཀྱང་སྤྱི་འཐུས་རྣམ་པ་ཚོས་ང་ཚོ་ལྷོད་པོའི་ངང་གྲོས་ཚོགས་བག་ཕེབས་ཀྱི་སྒོ་ནས་ཡོང་བས། ཕྱི་མི་སུས་བལྟས་ཀྱང་དེ་གཞན་དང་མི་འདྲ་བ་ཞིག་རེད་འདུག་སྙམ་པའི་སྣང་བ་ཡོང་བསྡད་པ་དེ་སྤྱི་འཐུས་རྣམ་པ་ཚོས་མཐུན་འགྱུར་གནང་བར་བརྟེན་ནས་ཡོང་གི་ཡོད་པ་རེད། དེ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་བཞིན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚོ་གྲོས་ཚོགས་འཚོགས་པའི་སྐབས་སུ་སྔ་ཕྱིའི་དུས་ཚོད་ལ་མ་ལྟོས་པར་ཞོགས་པ་སྔ་པོ་ཡོང་རྒྱུ་དང་དགོང་མོ་ཕྱི་པོ་བསྡད་ནས། ལས་དོན་གོ་རིམ་བསྒྲིགས་རྒྱུ་དེ་དག་ཚང་མར་གཙོ་བོ་དྲུང་ཆེས་འགན་ཆེན་པོ་བཞེས་གནང་གི་ཡོད་པ་རེད། རྒྱུན་དུ་ནས་དེ་ཞུ་གི་ཡོད། ད་ལྟ་ཡིན་ཡང་ང་ཚོ་གྲོས་ཚོགས་ཀྱི་ལས་རིམ་དེ་དག་སྤུས་ལེགས་ངང་ནས་འགྲོ་ཐུབ་རྒྱུའི་ཡིག་ཆ་དེ་དག་ཆ་ཚང་ཞིག་དྲུང་ཆེས་གནང་གི་ཡོད་པ་རེད། ཚོགས་གཙོ་གཞོན་པས་ཀྱང་དེའི་ནང་ལ་འགན་ཆེན་པོ་བཞེས་གནང་གི་ཡོད། དེར་བརྟེན་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་དང་དེ་དག་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་བརྙན་དཔར་སྡེ་ཚན་རེད། ང་ཚོས་གང་ཐུབ་ཀྱི་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་པ་རེད། འབྲེལ་ཡོད་ཚང་མས་མཐུན་འགྱུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེེ་ཆེ་ཞེས་ཞུ་འདོད་བྱུང་། དེ་ནས་ཟླ་བ་དྲུག་རིང་ང་རང་ཚོ་ཚང་མ་སོ་སོའི་ས་གནས་སུ་ལོག་འགྲོ་གི་རེད། གྲོས་ཚོགས་འཚོགས་པའི་སྐབས་སུ་ང་ཚོ་ཁ་བརྡར་རྒྱུ་དེ་རེད། ཡིན་ནའང་ས་གནས་ལ་ཕྱིན་པའི་རྗེས་འདི་ལ་གསུངས་པ་བཞིན་སོ་སོའི་ལས་དོན་བསྒྲུབ་རྒྱུ་དེ་ང་རང་ཚོ་ཚང་མའི་ལས་འགན་རེད། དེ་ཡིན་དུས་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་ཚགས་ཚུད་ཐག་ཆོད་ཡོད། འཆམ་ཐག་ཆོད་ཡོད། སྤྱི་པའི་དོན་དག་རང་གི་སྟེང་ལ་མ་གཏོགས་ང་ཚོ་སྒེར་གྱི་འཁོན་འཛིན་དང་དེ་འདྲ་ནམ་ཡང་མེད། ཁ་སྔོན་དབུ་འབྱེད་ཀྱི་རྗེས་སུ་༸སྐུ་མདུན་ཕེབས་སྐྱེལ་ཞུ་དུས་༸གོང་ས་མཆོག་གིས་སྔོན་མ་གྲོས་ཚོགས་ནང་ལ་ཆོལ་ཁ་དང་དེ་འདྲའི་རྙོག་དྲ་ཏོག་ཙམ་ཡོད་པ་གསུངས་ཀྱི་འདུག ད་ལྟའི་ཆར་དེ་རྩ་བ་ཉིད་ནས་མེད་ཅེས་ཞུས་པ་ཡིན། ༸རྒྱལ་དབང་རིན་པོ་ཆེ་ལ་དེ་སྙན་སེང་ཞུས་པ་ཡིན། ང་རང་ཚོ་དངོས་ཡོད་ཀྱི་གནས་སྟངས་ཀྱི་ཐོག་ནས་ཡིན་ཡང་གྲོས་ཚོགས་ནང་ལ་ང་ཚོ་ཆོལ་ཁ་ཆོས་ལུགས་དབྱེ་འབྱེད་ཀྱི་ཐོག་ནས་དཀའ་ངལ་འཕྲད་པ་ཡོང་གི་ཡོད་པ་མ་རེད་ལ། རྒྱུན་ལས་ནང་དུ་ཡང་དེ་འདྲ་རྩ་བ་ཉིད་ནས་མེད། དེ་ཡིན་དུས་ང་ཚོ་སྤྱི་པའི་ལས་དོན་རང་གི་ཐོག་ལ་ནུས་པ་མཉམ་སྤུངས་བྱེད་ཐུབ་པ་གནང་ཐུབ་རྒྱུའི་སྤྱི་འཐུས་རྣམ་པ་ཚང་མར་རེ་འདུན་ཞུ་རྒྱུ་དང་། གྲོས་ཚོགས་རྗེས་མར་ཕེབས་རྒྱུ་བར་དུ་ཟླ་བ་དྲུག་གི་དུས་ཚོད་དེའི་ནང་སྐུ་ཁམས་བཟང་པོ་ཡོང་བ་དང་སྤྱི་པའི་ལས་དོན་ཚགས་ཚུད་ཡོང་བར་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་གནང་།།

 

 

Menu