དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་གཞོན་པས་དབུས་སྤྱི་འཐུས་རྣམ་པ་ཚང་མར་ཟླ་བ་དྲུག་གི་རྗེས་སུ་སླར་ཡང་མཇལ་རྒྱུ་བྱུང་བ་དང་། སྐུ་གཟུགས་གསལ་ཐང་གི་ཐོག་ནས་ཞལ་འཛོམས་བྱུང་བར་ཚོགས་གཙོའི་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དབུ་འབྱེད་ཀྱི་གཏམ་བཤད་ནང་ལ་མང་ཆེ་བ་ཞིག་ད་ལྟ་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་ཞུ་རྒྱུ་རེད། ཆབ་སྲིད་ཀྱི་གནད་དོན་ཐོག་ལ་ཉེ་བའི་ཆར་གསུམ་བཅུའི་དུས་དྲན་ཚོགས་ཟིན་པར་བརྟེན། དེའི་ཐོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཞུ་དགོས་པ་དེ་དག་ཆ་ཚང་ཞིག་གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་ནང་ལ་ཞུས་ཟིན་པ་ཞིག་རེད། དེའི་ཐོག་ལ་ཁ་སྣོན་གནང་དགོས་པ་གཅིག་གཉིས་ཤིག་ཡོད་པ་དེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་པ་དང་། དེའི་སྐབས་སུ་རྒྱ་ནག་གིས་ངོས་འཛིན་བྱས་པའི་པཎ་ཆེན་དེས་གྲོས་ཚོགས་ནང་ལ་དོན་ཚན་དྲུག་གཙོ་བོ་བྱས་པའི་གནད་དོན་གཅིག་གསུངས་ཡོད་པ་རེད།
དེའི་ནང་ནས་གཙོ་བོ་གཅིག བོད་ཀྱི་དགོན་སྡེ་ཁག་ནང་ལ་དགེ་འདུན་པ་མང་དུ་གཏོང་དགོས་པ་དང་། གཞུང་གི་ངོས་ནས་དམ་དྲག་ཤུགས་ཆེ་དྲགས་ཡོད་པའི་གནས་སྟངས་འགའ་གསུངས་ཡོད་པ་རེད། འདི་ཚོའི་རིགས་དེ་བཟང་ངན་གྱི་གནས་སྟངས་ཞུ་ཐུབ་ཀྱི་མ་རེད། འོན་ཀྱང་དེ་རིགས་ཞུ་ས་ཡོད་པ་དེ་ཡག་པོ་རེད་བསམ་གྱི་ཡོད། མ་འོངས་པར་དེས་རྐྱེན་པས་འགྱུར་བ་གང་འདྲ་ཞིག་ཐེབས་ཀྱི་ཡོད་མེད་དེ། ང་ཚོས་རིམ་བཞིན་ལྟ་རྒྱུའི་གནས་སྟངས་ཤིག་རེད། དེ་བཞིན་དུ་ཀྲུ་ཝེན་ཅུང་གིས་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ཐོག་གནད་དོན་ཁག་ཅིག་བཤད་ཡོད་པ་རེད། ཡང་༸རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་ཡི་ཐོག་ནས་པདྨ་འཕྲིན་ལས་ཀྱིས་སྐད་ཆ་དེ་འདྲ་བཤད་པ་འགའ་བྱུང་ཡོད་པ་རེད། དེ་ཚོ་ཚང་མ་ང་ཚོས་བརྒྱུད་ལམ་གྱི་ཐོག་ནས་ཤེས་ཡོད་པར་བརྟེན། ངས་ཞིབ་ཕྲ་ཞིག་འགྲོ་མ་དགོས་པ་དང་། གཞན་ཡང་དེ་རིང་ང་ཚོའི་གྲོས་ཚོགས་དེ་གཙོ་བོ་སྔོན་རྩིས་ཀྱི་གྲོས་ཚོགས་ཤིག་ཆགས་བསྡད་ཡོད་པ་རེད། དུས་ཚོད་མང་ཆེ་བ་ཞིག་ང་ཚོས་སྔོན་རྩིས་ཐོག་ལ་གཏོང་དགོས་ཡོང་གི་རེད། ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ་གང་ལྟར་ཕྱི་ལོ་ ༢༠༠༨ ནས་བཟུང་། ད་བར་དུ་ང་ཚོས་གྲོས་ཚོགས་ག་དུས་འགོ་བཙུགས་པ་ཡིན་ནའང་། མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཐོག་ནས་འགོ་བཙུགས་དགོས་རྒྱུའི་གནས་སྟངས་ཆགས་ཡོད། ད་ལྟ་ཡིན་ནའང་མུ་མཐུད་ནས་གནས་བསྡད་ཡོད་པ་རེད། ཕྱི་ལོ་ ༢༠༡༤ ཟླ་ ༩ པའི་གྲོས་ཚོགས་ནས་བཟུང་ད་ལྟའི་བར་དུ་རང་ལུས་མེར་བསྲེགས་གཏོང་གནང་མཁན་རྒྱལ་གཅེས་པ་ལྔ་ལྷག་བྱུང་ཡོད་པ་རེད། ད་རེས་ཀྱང་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་ཞིག་གྲོས་ཚོགས་དེའི་ནང་ལ་སླེབས་ཀྱི་རེད།
དེ་དང་མཉམ་དུ་ང་རང་ཚོའི་གྲོགས་པོ་རྙིང་པ་བོད་དོན་ལ་ཤ་ཚ་དང་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་རྒྱ་གར་བ་ Shri. Kul Bhushan Bakshi མཆོག་རེད། དེ་བཞིན་ཁ་སང་རང་གནས་ཚུལ་བྱུང་བ་ལྟར་ན། Shri. Narayan Desai མཆོག་༸སྐུ་མདུན་གྱིས་ཐུགས་མཛའ་བོ་གནང་ཡུལ་བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་དགུང་ལོ་བགྲེས་པོ་ཆགས་སྟབས་འདས་གྲོངས་སུ་ཕྱིན་པ་རེད།
ཁོང་ཚོའི་ཆེད་དུ་ང་ཚོས་ཟུར་དུ་མྱ་ངན་གུས་འདུད་རྗེས་དྲན་གྲོས་འཆར་ཞིག་ཁྱེར་ཡོད་པ་མ་རེད། འོན་ཀྱང་བསྔོ་བ་སྨོན་ལམ་གནང་བའི་སྐབས་སུ་ཁོང་ཚོར་ཐུན་མོང་ཐོག་ནས་གནང་རོགས་གནང་ཞེས་འདི་གཅིག་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ག་དུས་ཡིན་ནའང་ང་ཚོར་སླེབས་བསྡད་རྒྱུ་ཞིག་རེད། དེའི་ཐོག་ནས་བོད་ནང་གི་གནས་ཚུལ་ཐོག་ལ་བགྲོ་གླེང་གང་ལ་གང་འཚམ་ཞིག་བྱུང་བ་ཡིན་ན། མང་ཚོགས་ཀྱི་མཁྱེན་རྟོགས་ཡོང་རྒྱུར་ཏན་ཏན་ཐུགས་ཕན་སོས་རྒྱུ་རེད། དེའི་ཐོག་ལ་མཉམ་ཞུགས་གནང་རྒྱུ་དང། ཐེངས་འདིར་སྔོན་རྩིས་ཀྱི་གྲོས་ཚོགས་ཡིན་པ་སོང་ཙང་། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་གསུང་བཤད་དེ་རིང་ཕེབས་རྒྱུ་རེད། དེ་དང་མཉམ་དུ་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོའང་དེ་རིང་ཕེབས་རྒྱུ་རེད། བགྲོ་གླེང་གི་དུས་ཚོད་ཕལ་ཆེར་གཅིག་བྱས་ན་ང་ཚོས་སང་ཉིན་འཇོག་དགོས་པ་ཆགས་ཀྱི་རེད་བསམ་གྱི་འདུག དེའི་ཐོག་ལ་སྤྱི་འཐུས་རྣམ་པ་ཚོས་ཐུགས་སྣང་གནང་རོགས་གནང། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཐོག་ནས་ཉིན་མང་པོ་ཞིག་ལ་དུས་ཚོད་བཏང་ཡོད་པ་རེད། ཞིབ་ཚགས་པོ་བྱས་ནས་གཟིགས་གནང་ཡོད་པ་རེད། དེ་ཡིན་དུས་སྙན་ཐོའི་ནང་དོན་རེ་རེེར་ང་ཚོས་དོ་སྣང་བྱེད་དགོས་རྒྱུ་སྤྱི་འཐུས་རྣམ་པ་ཚོ་ཙམ་མ་ཡིན་པར་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཡིན་ནའང་དེའི་ཐོག་ལ་ཐུགས་སྣང་གནང་དགོས་རྒྱུ་དང་། གྲོས་ཚོགས་ཀྱི་ནང་དུ་གསལ་པོ་བཟོ་དགོས་པ་རྣམས་གནང་འདུག་དང་མི་འདུག་གང་འདྲ་ཆགས་ཀྱི་ཡོད་མེད་ཆ་ཚང་ཞིག་གཟིགས་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཕྱི་ལོ་ ༢༠༡༤ ལོ་འཁོར་མོ་ཞིག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་གནང་བ་རེད། དེ་རིང་གྲོས་ཚོགས་འདིའི་ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་ཞིག་ཕེབས་ཀྱི་ཡོད་པ་རེད། འདིའི་ནང་དུའང་སྤྱི་འཐུས་རྣམ་པ་ཚོས་ཏན་ཏན་མཉམ་ཞུགས་གནང་གི་རེད། ང་ཚོ་སྤྱི་འཐུས་ལྷན་ཁང་གི་ལས་དོན་ནང་ནས་ཁྲིམས་བཟོའི་ལས་དོན་གལ་ཆེ་ཤོས་ཡིན་པའི་ཆ་ནས་དེ་རིང་བཅའ་ཁྲིམས་བསྐྱར་བཅོས་ཡོང་དགོས་པའི་གནས་ཚུལ་གཅིག་གཉིས་ཤིག་བཅའ་ཁྲིམས་བསྐྱར་བཅོས་དང་སྒྲིག་གཞི་བསྐྱར་བཅོས་བྱེད་དགོས་པའི་གནས་ཚུལ་ཁག་ཅིག་ཡོང་རྒྱུ་རེད། བཅའ་ཁྲིམས་བསྐྱར་བཅོས་ནང་དུ་གཙོ་བོ་འདས་པའི་ལོ་འགའ་ཤས་ཀྱི་ནང་དུ་ཇོ་ནང་གིས་རེ་བ་ཞིག་རྒྱབ་བསྡད་ཀྱི་ཡོད་པ་རེད། འདིའི་ཐོག་ལ་ང་ཚོས་ཐག་གཅོད་རྒྱུ་འདི་མང་གཙོའི་ལམ་སྲོལ་རང་གི་ཐོག་ནས་ཐག་གཅོད་རྒྱུ་ཞིག་རེད། དེ་འདྲ་ཡིན་དུས་དེའི་ཐོག་ལ་ཐུགས་ཁུར་བཞེས་རྒྱུ་དང། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨོ་སི་ཀྲོ་ལི་ཡ་དང། ཨེ་ཤི་ཡ་དང་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡའི་ས་ཁུལ་དང། ཨོ་སི་ཀྲོ་ལི་ཡའི་ཨེ་ཤི་ཡ་ཟེར་ནའང་རེད། དེ་དང་ནེའུ་ཛི་ལན་ཌི་ས་ཁུལ་དེར་སྤྱི་འཐུས་ཀྱི་ས་མིག་གཅིག་སྤྲད་དང་མ་སྤྲད་ཟེར་བའི་གནས་ཚུལ་དེ་རིང་གི་གྲོས་ཚོགས་ནང་ལ་ཡོང་གི་རེད། དེ་ཚོའི་ཐོག་ལ་གུ་ཡངས་པོ་དང་བསམ་བློ་རྒྱ་ཆེན་པོ་བཏང་བའི་ཐོག་ནས་ང་ཚོ་འདིར་བགྲོ་གླེང་བྱ་རྒྱུ་དང་། འོས་བསྡུ་རྒྱུ། གང་ཅིའི་ཐོག་ལ་དགོངས་པ་བཞེས་ཀྱི་ཡོད་པ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད། དེ་མིན་སྒྲིག་གཞི་བསྐྱར་བཅོས་གང་ལ་འཚམ་ཞིག་ཡོང་བསྡད་ཀྱི་ཡོད་པ་རེད། དེ་ཚོ་མང་ཆེ་བ་གཅིག་སྔ་མ་བསྐྱར་བཅོས་ཕྱིན་ཚར་བ་ཞིག་ང་ཚོས་ཐུགས་སྣང་མ་བྱུང་བ། ཚིག་ཁ་ཤས་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་དང་། དེ་འདྲ་མང་པོ་ཞིག་ཡོད་པ་རེད། དེ་ཚོ་ཁག་ཅིག་ལ་བགྲོ་གླེང་དགོས་ཀྱི་མེད་བསམ་གྱི་ཡོད། དེ་འདྲའི་གནས་སྟངས་ཤིག་ཆགས་བསྡད་ཡོད། དེ་ནས་དེ་རིང་གི་གྲོས་ཚོགས་ནང་ཚོགས་ཆུང་གང་མང་གི་སྙན་ཐོ་སླེབས་རྒྱུ་རེད། ཕྱོགས་གཅིག་ནས་ངས་གོང་དུ་ཞུས་པ་བཞིན་སྔོན་རྩིས་ཀྱི་གྲོས་ཚོགས་ཡིན་པའི་ཆ་ནས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སླེབས་རྒྱུ་རེད། དེ་བཞིན་འདས་པའི་ལོ་འགའ་ཤས་ཤིག་ནས་ང་ཚོ་རྩིས་ཞིབ་སྙན་ཐོ་དེ་ཚོར་ཞིབ་ཚགས་པོ་ཞིག་བལྟས་ནས་གཙང་མ་བཟོ་དགོས་པ་དེ་དག་གྲོས་ཚོགས་ནས་རེད། སྤྱི་འཐུས་རྒྱུན་ལས་ནས་རེད། དེ་བཞིན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ངོས་ནས་ཐུགས་འཁུར་རྒྱ་ཆེན་པོ་ཞིག་བཞེས་ཏེ་གནང་སྡོད་ཀྱི་ཡོད་པ་རེད། ང་ཚོའི་རེ་བར། དེ་དང་དེ་ལྟ་བུའི་རྩིས་རྙོག་ཡོད་བསྡད་པའི་རིགས་དེ་དག་ད་ལོ་མང་པོ་གཅིག་ཕྱིར་བལྟས་བྱས་རྗེས་ཡང་དཀའ་ངལ་སེལ་དགོས་ཀྱི་ཡོད་པ་དེ་འདྲ་མ་ཡིན་པར། ག་ཚོད་ཐུབ་ཐུབ་ཀྱི་གནས་ཚུལ་གསར་པ་ཡོང་གིན་ཡོང་གིན་ལ་སེལ་ཐུབ་པའི་རེ་བ་རྒྱག་གི་ཡོད་དུས། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོ་དེ་ཡང་དེ་རིང་གི་གྲོས་ཚོགས་འདིའི་ནང་ལ་ཕེབས་ཀྱི་རེད། དེའི་སྐོར་ལ་ང་ཚོ་བགྲོ་གླེང་བྱ་དགོས་པ་དང་ཐག་གཅོད་གནང་དགོས་པའི་གནས་སྟངས་གཅིག་ཡོང་གི་རེད། དེ་མཇུག་བསྡོམས་བྱེད་སྟངས་ཀྱི་ཐོག་ནས། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཐུགས་འཁུར་བཞེས་དགོས་པ་དང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་ཀྱང་ཐུགས་འཁུར་བཞེས་དགོས་པའི་རིགས་གཅིག་ཡོང་གི་ཡོད་པ་རེད།
དེ་མཇུག་སྐྱོང་བྱེད་སྟངས་ཀྱི་ཐོག་ནས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ཐུགས་ཁུར་བཞེས་དགོས་པ་དང་། དེ་བཞིན་དུ་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་ཐུགས་ཁུར་བཞེས་དགོས་པ་ཞིག་ཡོང་གི་རེད་ཅེས་ཞུ་རྒྱུ་ཡིན། དེ་བཞིན་དུ་འདས་པའི་ལོ་འགའ་ཤས་ནང་ལ་ང་ཚོའི་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་ཚོའི་ཕྱག་ལས་གནང་སྟངས་ཀྱི་ཐོག་ལ་སྐད་ཆ་མང་པོ་ཞིག་ཡོང་བསྡད་ཡོད་པ་རེད། དེ་ཡིན་དུས་དེའི་ཆེད་དུ་ང་ཚོའི་སྤྱི་འཐུས་རྒྱུན་ལས་ཀྱིས་ཚོགས་ཆུང་ཞིག་བཙུགས་ནས་དེའི་སྙན་ཐོ་དེ་དང་འབྲེལ་བའི་སྒྲིག་གཞི་འཆར་ཟིན་ཞིག་དེ་རིང་གྲོས་ཚོགས་དེའི་ནང་ཕུལ་རྒྱུ་རེད། དེ་བཞིན་དུ་གྲོས་ཚོགས་སྔ་མའི་མཇུག་སྐྱོང་དགོས་པ་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་སྒྲིག་གཞི་དང་འབྲེལ་བའི་ཚོགས་ཆུང་གི་སྙན་ཐོ་ཞིག་ཀྱང་ད་ཐེངས་ཀྱི་གྲོས་ཚོགས་ནང་ལ་ཕེབས་རྒྱུ་རེད། འོན་ཀྱང་དེ་མ་ཕེབས་གོང་ལ་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་གནས་བབ་གང་འདྲ་ཆགས་ཀྱི་འདུག་དང་མི་འདུག་ཟེར་བའི་ཚོགས་ཆུང་ཞིག་དེ་སྔ་འཛིན་སྐྱོང་བཀའ་ཤག་གིས་འཕྲོད་བསྟེན་ལས་ཁུངས་ལ་ཞུས་པ་རེད། འོན་ཀྱང་སྤྱི་འཐུས་ལྷན་ཚོགས་ཀྱི་རེ་བ་བརྒྱབས་པ་ནང་བཞིན་གྱི་འདོད་པ་ཁེངས་པ་ཞིག་གྲོས་ཚོགས་འདིའི་ནང་ལ་སླེབས་ཐུབ་ཡོད་པ་མ་རེད། དེ་མེད་དུས་དེ་རིང་འདིར་གྲོས་ཆོད་གྲོས་འཆར་ཞིག་ཁུར་ཡོང་གི་ཡོད་པ་རེད། གལ་སྲིད་གྲོས་ཆོད་གྲོས་འཆར་དེ་ཕྱིན་པ་ཡིན་ན་ཚོགས་ཆུང་གི་སྙན་ཐོ་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བ་དེ་ང་ཚོས་འཕྲལ་སེལ་རིང་གྲང་སངས་བཏང་སྟེ། མ་འོངས་པར་ཚོགས་ཆུང་དེའི་སྙན་ཐོ་སླེབས་ཟིན་པའི་རྗེས་ལ་གནས་སྟངས་ག་རེ་ཆགས་ཀྱི་འདུག་ཟེར་བ་རེད། ཡིན་ཡང་ཚོགས་ཆུང་གིས་གྲོས་ཆོད་གྲོས་འཆར་ལྟར་མ་ཕྱིན་པ་ཡིན་ན། ཚོགས་ཆུང་གི་སྙན་ཐོ་གཞིར་བཟུང་བྱས་ཏེ་ང་ཚོའི་སྒྲིག་གཞི་བསྐྱར་བཅོས་ཀྱི་སྒང་ལ་འགྲོ་རྒྱུ་རེད། གྲོས་ཚོགས་རང་གིས་ཆེད་མངགས་བཙུགས་པའི་ཚོགས་ཆུང་གཅིག་དེ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་དང་། ཁྲིམས་དྲུང་ལས་ཁུངས་ཀྱི་ལས་བྱེད་དེ་དག་ལས་བྱེད་སྤྱི་འགྲེ་སྤྱི་མཚུངས་ནང་བཞིན་གྱི་བསྐོ་གཞག་བྱ་རྒྱུ་དང་། གནས་སྤོ་བྱ་རྒྱུའི་གནས་སྟངས་ཡོད་པའི་ཚོགས་ཆུང་ཞིག་བཙུགས་ཡོད་པ་རེད། ཚོགས་ཆུང་དེའི་སྙན་ཐོ་དང་སྒྲིག་གཞི་བསྐྱར་བཅོས་དེ་དག་དེ་རིང་གྲོས་ཚོགས་འདིའི་ནང་ཕུལ་རྒྱུ་རེད། སྤྱི་འཐུས་རྒྱུན་ལས་ཀྱིས་བཙུགས་བཞག་པའི་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་གྱིས་ཕྱག་ལས་གནང་སྟངས་དང་འབྲེལ་བའི་ཐོག་ནས་ཚོགས་ཆུང་ཞིག་བཙུགས་ཡོད་པ་རེད། དེའི་སྙན་ཐོ་དེ་ཡང་དེ་རིང་གྲོས་ཚོགས་འདིའི་ནང་ཕུལ་རྒྱུ་རེད། ཚོགས་ཆུང་གི་སྙན་ཐོ་དང་འབྲེལ་བའི་ལས་དོན་མང་ཆེ་བ་ཞིག་དེ་འདྲ་ཆགས་བསྡད་ཀྱི་ཡོད།
དྲི་བ་ད་ལྟ་བར་དུ་བཅུ་བཞི་བཅོ་ལྔ་ཞིག་འབྱོར་སོང་། དྲི་བ་དེ་དག་ལ་ང་ཚོའི་འཛིན་སྐྱོང་གི་ངོས་ནས་ལན་རྒྱག་དགོས་རྒྱུ་རེད། དེ་ཚོའི་ཐོག་ནས་ཡང་དྲི་བ་ཁག་ཅིག་གིས་ང་ཚོ་ཚོགས་གཙོ་ཚོགས་གཞོན་གཉིས་ལ་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་པ་རེད་ཟེར་ན། ཁྲིམས་དང་སྒྲིག་གཞི་མཐུན་དང་མ་མཐུན་གྱི་ཐོག་ནས་ལྟ་རྒྱུ་རེད་མ་གཏོགས། དྲི་བ་བཏང་བའི་སྐབས་སུ་འདི་ཆོག་དང་མི་ཆོག་ཟེར་བའི་གནས་སྟངས་ཤིག་ཡོང་བསྡད་ཀྱི་ཡོད་པ་རེད། ཡང་དྲི་བ་ཁག་ཅིག་འཛིན་སྐྱོང་གི་ངོས་ནས་ཞིབ་ཚགས་ཀྱི་ཐོག་ནས་ལན་གནང་ཐུབ་དང་མ་ཐུབ་གནང་དགོས་དང་མི་དགོས་ཟེར་བའི་གནས་སྟངས་ཞིག་ཡོང་གི་རེད། དེ་ཚོ་འཛིན་སྐྱོང་རང་གིས་ཐུགས་འགན་བཞེས་རོགས་གནང་ཞེས་ཞུ་རྒྱུ་ཡིན། དེ་རིང་ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་མང་ཆེ་བ་ཞིག་དེ་འདྲ་རེད། སྒྲིག་གཞི་བསྐྱར་བཅོས་ནང་ནས་འཛིན་སྐྱོང་གི་སྒྲིག་གཞི་ཁག་ཅིག་ཡོད་པ་རེད། དེ་བཞིན་དུ་ཁྲིམས་ཞིབ་ཁང་ནས་གཅིག་བྱས་ན་བསྐྱར་བཅོས་རིགས་ཡོང་སྲིད་པ་རེད། དེ་བཞིན་དུ་འོས་བསྡུའི་སྒྲིག་གཞི་གཙོ་བོ་འོས་བསྡུ་སླེབས་ལ་ཉེ་བ་ཡིན་དུས། དེ་རིང་གྲོས་ཚོགས་འདིའི་ནང་ལ་གཏན་འབེབས་བྱེད་མ་ཐུབ་པ་ཡིན་ན་ཁག་པོ་ཆགས་བསྡད་ཀྱི་ཡོད་པ་རེད། ཡང་ང་ཚོའི་གྲོས་ཚོགས་ནང་ལ་སྤྱིར་རྩ་དོན་རེད། དེ་བཞིན་དུ་གནད་དོན་མང་པོ་ཞིག་གི་སྒང་ལ་གླེང་སློང་བྱེད་དགོས་པ་ཡོང་གི་རེད། དེ་ཡིན་དུས་དེ་སྔ་གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་ཞིག་ཚང་མས་བསམ་ཤེས་ཆེན་པོའི་ཐོག་ནས་གནང་ཡོད་པར་བརྟེན། ང་ཚོའི་ལས་རིམ་ཆ་ཚང་ཡག་པོ་ཞིག་འགྲོ་ཐུབ་ཡོད་པ་རེད། ད་ལྟའི་གྲོས་ཚོགས་འདིའི་ནང་དུ་ཡིན་པ་ཡིན་ནའང་བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་རེད། དེ་བཞིན་དུ་མང་ཚོགས་ནང་ལ་དགོངས་ཚུལ་ག་རེ་ཡོད་པ་ཡིན་ནའང་དེ་དག་ལྷུག་པོ་བྱས་ཏེ་གསུང་རྒྱུ་གལ་ཆེན་པོ་རེད། རྒྱུ་མཚན་དང་ལྡན་པའི་ཐོག་ནས་གསུང་དགོས་རྒྱུ་དེ་ཡང་གལ་ཆེན་པོ་རེད། དེ་བཞིན་དུ་དགོངས་པ་རྒྱ་ཆེན་པོ་བྱས་ནས་གསུང་རྒྱུ་ཡང་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་ཚོགས་གཙོའི་རེ་བ་དེ། དེ་རིང་གི་གྲོས་ཚོགས་དེ་དེ་སྔ་ནང་བཞིན་བྱས་ཏེ་ཡག་པོ་ཞིག་འགྲོ་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། ང་རང་ཚོ་ད་ལྟ་མང་གཙོའི་ལམ་སྲོལ་ཐོག་ནས་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་བགྲོ་གླེང་བྱེད་དགོས་པ་དང་། དེ་བཞིན་དུ་བཅའ་ཁྲིམས་བསྐྱར་བཅོས་ཡིན་ནའང་རེད། སྒྲིག་གཞི་བསྐྱར་བཅོས་ཡིན་ནའང་རེད། གྲོས་ཆོད་གྲོས་འཆར་ཡིན་ནའང་རེད། གཏན་འབེབས་བྱས་པའི་བརྒྱ་ཆ་ཞིག་ལོན་དགོས་ཀྱི་ཡོད་པ་རེད། དེ་བཞིན་དུ་ང་ཚོ་འགྲོ་ཐུབ་རྒྱུ་དང་སོ་སོའི་གནད་དོན་གང་འདྲ་ཞིག་ཡིན་ནའང་རང་ཉིད་ཀྱི་འདོད་པ་དང་མཐུན་པ་ཡོང་སྲིད་ཀྱི་རེད་ལ། མ་མཐུན་པ་ཡང་ཡོང་སྲིད་པ་རེད། ག་རེ་ཡིན་ནའང་གྲོས་ཚོགས་འདིའི་ནང་ལ་ལྷིང་པོ་བྱས་ནས་གྲོས་བསྡུར་གནང་ནས་ཐག་གཅོད་བྱེད་དགོས་པ་དེ་གལ་ཆེན་པོ་རེད། སྤྱི་ཚོགས་ནང་ལ་བརྡབ་གསིག་མི་ཐེབས་པའི་བསམ་བློ་གཏོང་དགོས་པ་དེ་གནད་འགག་ཆེན་པོ་རེད། དེ་རིང་གྲོས་ཚོགས་འདིའི་ནང་ལ་བཀུར་འོས་སྤྱི་འཐུས་གཉིས་ཏེ་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་དང་སྤྱི་འཐུས་སྐལ་བཟང་དགྲ་འདུལ་ལགས་རྣམ་གཉིས་སྐུ་གཟུགས་བདེ་མིན་རྐྱེན་པས་གྲོས་ཚོགས་ཚོགས་དུས་ཆ་ཚང་དགོངས་པ་ཞུ་དགོས་པ་ཆགས་སོང་། དེ་བཞིན་དུ་ཡོ་རོབ་སྤྱི་འཐུས་རྣམ་པ་གཉིས་ཉེ་བའི་ཆར་དཔལ་ལྡན་སྲིད་སྐྱོང་མཆོག་ཡོ་རོབ་ལ་ལས་འགུལ་སྤེལ་བའི་སྐབས་སུ་ཕེབས་ཡོད་པ་རེད། དེར་བརྟེན་ཁོང་རྣམ་གཉིས་ད་ལྟ་ལས་མཇུག་བསྒྲིལ་མེད་སྟབས་ལས་ཉིན་གཉིས་རིང་དགོངས་པ་ཞུས་པ་རེད། སྤྱི་འཐུས་གཅིག་དེ་རིང་ཉིན་གཅིག་དགོངས་པ་ཞུས་པ་རེད་མ་གཏོགས་གཞན་ཚང་མ་དེ་རིང་ལྷན་འཛོམས་གནང་ཡོད་ཅེས་ཞུ་རྒྱུ་ཡིན། གང་ལྟར་མཐའ་བསྡོམས་དེར་གྲོས་ཚོགས་ཀྱི་ལས་རིམ་གང་ཡིན་པ་ཆ་ཚང་བ་དེ། ད་གིན་ངས་སྙན་སྒྲོན་ཞུས་པ་ནང་བཞིན་བྱས་ཏེ་དེའི་ནང་ལ་བགྲོ་གླེང་གནང་བ་ཡིན་ན། བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་ཚང་མ་ལ་གསུང་རྒྱུ་ཡོད་པ་རེད། འཛིན་སྐྱོང་བཀའ་ཤག་ནས་ཀྱང་གསུང་རྒྱུ་ཡོད་པ་རེད། དེ་འདྲ་ཡིན་དུས་ཚར་མ་ཚར་གྱི་གནས་སྟངས་རིགས་ཆགས་མི་སྲིད་པ་རེད་མི་འདུག དེར་བརྟེན་གནད་དོན་གང་འདྲ་ཞིག་གི་ཐོག་ལ་བཀའ་མོལ་གང་འདྲ་ཞིག་གསུང་གི་ཡོད་ནའང་དོན་དང་ལྡན་པ་ཞིག སྙིང་བསྡུས་ཤིག་གསུང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། དེ་མ་གཏོགས་ཡང་ང་ཚོ་སྐབས་སྐབས་སུ་ཆུ་ཚོད་བརྒྱད་པ་དང་དགུ་པ། བཅུ་པ་བར་དུ་འཚོགས་དགོས་པའི་གནས་སྟངས་དེ་འདྲ་ཏན་ཏན་ཡོང་སྲིད་པ་རེད་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།