སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད།

སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད།སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་རིམ་ནང་དུ། ལས་ཉིན་དང་པོའི་ལས་རིམ་དེ། བོད་ནང་ལོགས་སུ་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་འོག་ནས། ཕྱི་ཟླ་དགུ་པ་ནས་ད་རེས་ཀྱི་གྲོས་ཚོགས་མ་འཚོགས་བར་དུ། རང་ལུས་མེར་སྲེག་གནང་མཁན་ལྔ་བཅུ་ང་བརྒྱད་ཀྱི་མཚན་དང་། དེའི་སྔོན་ལ་རང་ལུས་མེར་སྲེག་གནང་མཁན་ཚང་མ་ཁྱོན་བསྡོམས་པའི་གནས་སྟངས་ཤིག་གི་འོག་ནས། མྱ་ངན་གུས་འདུད་ཀྱི་ལས་རིམ་དང་པོར་འཇོག་དགོས་པ་བྱུང་ཡོད་པ་རེད། དེ་བཞིན་དེ་རིང་ལས་ཉིན་མཐའ་མ་དེར། ཚོགས་འདུ་མཇུག་བསྒྲིལ་རན་གྱི་ཡོད་རེད། ཚོགས་འདུ་འཚོགས་པའི་རིང་ལ་རང་ལུས་མེར་སྲེག་གནང་མཁན་གཉིས་དང་། ན་ནིང་ལོར་སྐུ་ལུས་མཆོད་མེར་ཕུལ་མཁན་གཉིས་ཀྱི་མཚན་གཞུང་དེ་རིང་ཡར་བསྣན་པའི་ཐོག་ནས། ལས་རིམ་མཐའ་མ་དེའང་མྱ་ངན་གུས་འདུད་བྱེད་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད། དེ་ག་རང་གིས་བོད་ནང་གི་གནས་སྟངས་ཇི་ལྟར་ཛ་དྲག་ནས་དྲག་ཏུ་འགྲོ་བཞིན་ཡོད་པ་དང།  རྒྱ་ནག་གཞུང་གི་ངོས་ནས་བཟང་ཕྱོགས་ཀྱི་ཡ་ལན་ཞིག་བྱེད་ཀྱི་མེད་པ་དེའང་གསལ་པོ་ཆགས་བསྡད་ཡོད་རེད་ཅེས་ཞུ་རྒྱུ་ཡིན།

ཕྱི་ཟླ་ ༣ པའི་ཚེས་ ༢༨ ཏེ། དེ་རིང་གི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས། བོད་མི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་བྱས་པ་ཡིན་ཞེས་གསལ་བསྒྲགས་བྱས་པའི་ཉིན་མོ་འཁེལ་ཡོད་ལ། དེ་བཞིན་ཕྱི་ལོ ༢༠༠༩ ཕྱི་ཟླ་ ༡ ཚེས་ ༡༩ ཉིན་མོར་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་སུ་གཏན་འབེབས་བྱས། གཏན་འབེབས་བྱས་པ་དེ་ཡང་ང་ཚོ་བོད་མི་ཚོ་བཙན་བྱོལ་ལ་གྱར་ནས། ལོ་ལྔ་བཅུ་སྲུང་བརྩི་བྱེད་པའི་ཁ་གཏད་དུ་ལངས་པའི་བཟོ་ལྟ་བུ་ཞིག་བྱས་ནས། དེའི་སྐབས་ལ་རྒྱ་ནག་གིས་གསལ་བསྒྲགས་བྱས་པའི་བོད་མི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་བྱས་པའི་ཉིན་མོ་ཡིན་ཟེར་བ་དེར།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྩ་བ་ཉིད་ནས་ངོས་ལེན་མེད་པའི་གྲོས་ཆོད་ཅིག ཕྱི་ལོ་ ༢༠༠༩ ཕྱི་ཟླ ༣ ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་བཞག་པ་རེད། དེའི་ཕྱི་ཉིན་དེར་དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་གིས། བཀའ་ཤག་གི་ངོས་ནས་ཀྱང་ངོས་ལེན་མེད་པའི་བསྒྲགས་གཏམ་སྤེལ་ཡོད་པ་རེད།

ད་ལྟ་ཡིན་ནའང་བོད་ནང་ལོགས་ཀྱི་གནས་སྟངས་མུ་མཐུད་ནས་ཛ་དྲག་ཏུ་གནས་ཡོད་པས། རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་པ་དང་། གཏན་འབེབས་བྱས་པའི་བོད་མི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་བཏང་བ་ཡིན་ཞེས་པ་དེ། རྩ་བ་ཉིད་ནས་ངོས་ལེན་ཞུ་ཐབས་མེད་ཅེས། ད་རེས་གྲོས་ཚོགས་ཀྱི་ཉིན་མཐའ་མའི་མཇུག་བསྡོམས་འདིའི་ཐོག་ནས། ཚོགས་གཙོས་ནན་པོ་བྱས་ནས་ཞུ་བའི་གནས་སྟངས་གཅིག་ཡིན།

གཞན་ཡང་ཚོགས་གཙོའི་མཇུག་བསྡོམས་གཏམ་བཤད་འདིའི་ནང་དུ། ཚོགས་གཙོ་སྦྲེལ་པོར་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་མཐོང་ཚུལ་གང་འདྲ་ཞིག་བྱུང་ཡོད་མེད་དང་། དེའི་ཐོག་ནས་མ་འོངས་པར་ང་རང་ཚོས་ལེགས་བཅོས་ཡོང་བའི་རེ་བ་ཞུ་བཞིན་ཡོད།

ད་ལན་གྲོས་ཚོགས་ཀྱི་ལས་དོན་དེ། སྤྱི་ཡོངས་ཀྱི་ཆ་ནས་གྲོས་ཚོགས་འགོ་མ་བཙུགས་པའི་སྔོན་ལ། ཚོགས་གཙོའི་དབུ་འབྱེད་གཏམ་བཤད་ནང་དུ། རེ་འདུན་ཞུས་པ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མས། ཚོགས་གཙོ་གཉིས་ཀྱིས་ལས་དོན་སྟངས་འཛིན་དང་། ལས་རིམ་བང་སྒྲིག་པ་དེ་དག་གི་ཐོག་ལ་མཐུན་འགྱུར་ཧ་ཅང་ཡག་པོ་བྱུང་སོང་ཞེས། ཚོགས་གཙོ་གཉིས་ཀྱི་ངོས་ནས་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

མཚམས་མཚམས་སུ་ཚིག་མཐོ་དམན་གྱི་གནས་ཚུལ་དེ་འདྲ་ཕྲན་བུ་བྱུང་ཡོད་པ་རེད། ཡིན་ནའང་རྒྱ་ཆེའི་མང་ཚོགས་ཀྱིས་ང་ཚོའི་མང་གཙོའི་འགྲོ་ལུགས་དང་། གྲོས་ཚོགས་ཀྱི་འགྲོ་ལུགས་དེ་ཚོ་ཕྱི་གསལ་ནང་གསལ་དང་། ཁ་གསལ་གཏིང་གསལ་གྱི་ཐོག་ནས། གྲོས་ཚོགས་ར་བ་འདིའི་ནང་ལོགས་སུ་སྤྱི་དོན་རང་སེམས་ལ་བཅངས་ནས་ཕན་ཚུན་བར་ལ་དགོངས་ཚུལ་གསུངས་པ་མ་གཏོགས། གྲོས་ཚོགས་ཀྱི་ཕྱི་ལ་ཐོན་པའི་སྐབས་སུ་ང་ཚོ་མི་སྒེར་ལ་སྡང་ཟུག་བྱེད་པ་དེ་འདྲའི་རྣམ་འགྱུར་རྩ་བ་ཉིད་ནས་ཡོད་པ་མ་རེད་ཅེས། རྒྱ་ཆེའི་ཉན་པ་པོ་རྣམས་ལ་ཞུ་འདོད་བྱུང་། ལྷག་པར་དུ་བོད་ནང་དུ་ཡོད་པའི་བོད་མི་ཚོར། ང་ཚོ་གྲོས་ཚོགས་ནང་དུ་བགྲོ་གླེང་བྱེད་སྟངས་དང་། ཐག་གཅོད་བྱེད་སྟངས་ཀྱི་ཐོག་ནས། ཚིག་བེད་སྤྱོད་སྟངས་དང་། རྣམ་འགྱུར་སྟོན་སྟངས་དེ་ཚོ་ཚང་མ། འཛམ་གླིང་སྤྱི་ཡོངས་ཀྱི་ནང་ལ་མང་གཙོའི་ལམ་ལུགས་མང་དག་ཅིག་ཡོད་པ་རེད། དེ་དག་དང་བསྡུར་ན། ང་ཚོའི་བགྲོ་གླེང་གནང་སྟངས་དེ། མང་གཙོའི་འགྲོ་ལུགས་ཚད་དང་ལྡན་པ་བཞིན་ཕྱི་གསལ་ནང་གསལ་བྱེད་པ་དེ། གཞན་དག་གི་གྲོས་ཚོགས་དང་བསྡུར་བ་ཡིན་ན། ཧ་ཅང་ཞི་འཇམ་པོ་དང་། བཟང་སྤྱོད་དང་ལྡན་པ་ཞིག་ཆགས་ཡོད་པ་རེད་ཅེས་ཞུ་འདོད་བྱུང་།

སྤྱི་འཐུས་རྣམ་པ་ཚོ་དང་། བཀའ་བློན་རྣམ་པ་ཚོ་སྤྱི་ཡོངས་དང།  ལྷག་པར་དུ་ང་ཚོའི་སྤྱི་འཐུས་རྣམ་པ་ཚོས་ད་རེས་སྔོན་རྩིས་ཀྱི་ལས་རིམ་ཐོག་ལ་ཡིན་ནའང་འདྲ། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་གྱི་སྐབས་ལ་བགྲོ་གླེང་གནང་བ་ཡིན་སྐབས་དང་། ལས་དོན་གཞན་དང་འབྲེལ་བའི་བགྲོ་གླེང་གནང་སྐབས། དྲི་བ་དྲིས་ལན་གྱི་དུས་ཚོད་བཅས་ཀྱི་སྐབས་སུ། ཚང་མས་ཡིག་ཆ་ཁག་ལ་ཐུགས་ཞིབ་ཡག་པོ་གནང་ནས། དྲི་བ་ཕུལ་བ་དང་། བགྲོ་གླེང་ནང་དུ་ཆ་ཤས་བླངས་པའི་སྐབས་གང་ཡིན་ཡང་། ཐུགས་སྣང་ཆེན་པོ་གནང་བའི་ཚོར་བ་ཚོགས་གཙོ་གཉིས་ལ་བྱུང་ཞེས་ཞུ་རྒྱུ་ཡིན།

སྐབས་རེ་སྐབས་རེར། ཚོར་བ་རྣོན་པོའི་ཐོག་ནས་སྐད་ཆ་བྱུང་བ་དེ་འདྲ་ཡང་ད་ལན་གྲོས་ཚོགས་ནང་ལ་བྱུང་ཡོད་པ་རེད། ང་ཚོ་ཚང་མ་འཇིག་རྟེན་འཁོར་བ་འདིའི་ནང་དུ་བསྡད་ཡོད་པ་དང། ཉོན་མོངས་དུག་གསུམ་གྱི་དགྲ་བཅོམ་མེད་པས། དེའི་རིགས་ཡོང་རྒྱུ་ཞིག་རེད། ཡིན་ནའང་སྤྱི་པའི་ལས་དོན་བྱེད་པའི་སྐབས་སུ། ག་ཚོད་ཐུབ་ཐུབ་ཀྱིས་ང་རང་ཚོ་སྒེར་གྱི་ཚོར་བ་དེ་ཕར་བཞག་ནས། དོན་དག་དང་། རྒྱུ་མཚན་གྱི་ཐོག་ལ་འགྲོ་དགོས་པ་དེ་ཧ་ཅང་གནད་འགག་ཆེན་པོ་རེད་ཅེས་ཞུ་འདོད་བྱུང་།

ལས་རིམ་དང་འབྲེལ་བའི་ཐོག་ནས། ད་རེས་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གི་བཀའ་ཤག་གི་གསལ་བཤད་ཐོག་ཏུ་བགྲོ་གླེང་གནང་བའི་སྐབས་ལ། ཚོར་སྣང་ག་རེ་བྱུང་ཞེ་ན། དབུ་མ་དང་། རང་བཙན་རྩོད་ཀྱི་ཡོད་པའི་བཟོ་ལྟ་བུ་ཞིག་དང། དེ་འདྲའི་གོ་སྐབས་ལ་སོ་སོ་སྒེར་གྱི་བསམ་ཚུལ་བཤད་པ་རྩལ་འདོན་གནང་གི་ཡོད་པའི་བཟོ་ལྟ་བུའི་ཚོར་བ་ཞིག་བྱུང་སོང་། རྩ་བའི་སྤྱི་འཐུས་སྒེར་སོ་སོའི་ལངས་ཕྱོགས་དང་། དགོངས་ཚུལ་གང་ཡིན་པ་དེ་ལ་གུས་བརྩི་ཞུ་བ་མ་གཏོགས། དེ་ལ་འགྲིག་གི་མི་འདུག་ཅེས་རྩ་བ་ཉིད་ནས་ཞུས་མེད།

འོན་ཀྱང་ཁ་སང་ཚོགས་གཙོས་གསལ་བཤད་ཞུས་པ་བཞིན། ད་ལྟ་ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་དེ། དགོས་པ་རྒྱུ་མཚན་མང་པོ་ཞིག་གི་ཐོག་ནས། དབུ་མའི་ལམ་ལ་འགྲོ་བསྡད་ཀྱི་ཡོད་པ་རེད་ལ། ཚང་མས་མ་མཁྱེན་པ་ཡང་ཡོད་པ་མ་རེད། འོན་ཀྱང་གྲོས་ཚོགས་ར་བ་འདིའི་ནང་ལོགས་སུ། བཀུར་འོས་སྤྱི་འཐུས་ནང་ལོགས་ནས། རང་བཙན་གྱི་ལྟ་བ་འཁུར་མཁན་དང་། ལངས་ཕྱོགས་འཁུར་མཁན་གྱིས། ལམ་དབུ་མའི་སྲིད་བྱུས་འཁུར་མཁན་ལས་ལྷག་དབུ་མ་ཤེས་ཀྱི་ཡོད་ཅེས་གསུངས་པའི་གནས་ཚུལ་དེ་འདྲའང་བྱུང་བ་རེད་ལ། ཡང་གྲོས་ཚོགས་འདིའི་ནང་དུ་ད་དབུ་མ་ག་རེ་ཡིན་ཤེས་ཀྱི་མི་འདུག་ཅེས་པའི་གནས་ཚུལ་དེ་འདྲ་ཡང་བྱུང་སོང་། གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་ང་ཚོ་བོད་མི་སུ་འདྲ་ཞིག་ཡིན་ཡང་། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པ་དང་། ཐོབ་རྒྱུ་ཡོད་ན་བོད་རང་བཙན་དགོས་པ་དེ་ཧ་ཅང་གསལ་པོ་རེད། ད་ལྟའི་གནས་བབ་ཀྱི་སྐབས་སུ་ཡང་། བོད་རང་བཙན་རྩོད་མཁན་ཚོར་རྩོད་ཆོག་གི་མ་རེད་ཅེས། བོད་མིའི་སྒྲིག་འཛུགས་ཀྱིས་གསུངས་མྱོང་ཡོད་པ་མ་རེད་ལ། མ་འོངས་པ་ཡིན་ནའང་དེ་ཡོང་སྲིད་ཀྱི་མ་རེད། སྔོན་མ་བོད་རང་བཙན་ཡིན་པའི་གནས་བབ་དེ་བསྒྲུབས་པའི་ཆ་ནས། ང་ཚོ་མང་གཙོའི་ལམ་དུ་འགྲོ་བཞིན་པས་རང་བཙན་རྩོད་མཁན་ཚོར་ཡང་ཐོབ་ཐང་དེ་ཡོད་པ་རེད་ཅེས། དུས་རྒྱུན་དུ་ནས་ཞུ་སྡོད་ཀྱི་ཡོད་རེད།

དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་རྗེས་སུ། རྒྱ་ཆེའི་མང་ཚོགས་ཀྱིས་མཁྱེན་རྟོགས་ཡོང་བའི་ཆེད་དུ་དེའི་སྐབས་སུ་ཡང་ཚོགས་གཙོས་གསལ་བཤད་ཞུས་པ་ཡིན། ཐོབ་ཐང་མེད་པ་མ་རེད། ཡིན་ཡང་ད་ལྟའི་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ནས། ཐོབ་རྒྱུ་ཞིག་ཡོད་པ་རེད་དམ། ཡོད་པ་མ་རེད། དེར་དགོངས་པ་བཞེས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་སྡོད་ཀྱི་ཡོད་པ་རེད། དེས་ན་གང་ལྟར་རང་བཙན་བརྩད་ན་འདྲ། དབུ་མ་བརྩད་ནའང་འདྲ། དངོས་ཡོད་གནས་སྟངས་དེ་ག་རེ་རེད་ཅེ་ན། རྒྱ་ནག་སྲིད་གཞུང་གི་འགོ་ཁྲིད་ཚོར་སྐད་ཆ་མ་བཤད་པར། དྲག་པོའི་ལམ་ནས་ང་ཚོས་རྒྱ་ནག་གཞུང་ལ་འཐབ་རྩོད་བྱེད་ཐུབ་རྒྱུ་ཡོད་པ་མ་རེད། ལྔ་བཅུ་ང་གྲངས་ལ་རྒྱ་ནག་གི་སྟོབས་ཤུགས་གང་ཡིན་པ་དེའི་ཐོག་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ཐོག་རྒྱ་ནག་མཉམ་དུ་དམག་བཏང་བའི་གནས་ཚུལ་བྱུང་ཡོད་པ་མ་རེད་ལ། ད་ལྟའི་དུས་ཚོད་ལ་རྒྱ་ནག་དཔལ་འབྱོར་དང་། དམག་ཤུགས། ཆབ་སྲིད་གང་ཅིའི་ཐོག་ནས་སྟོབས་ཆེན་ཆགས་པའི་སྐབས་སུ། རྒྱལ་ཁབ་གཞན་ཞིག་གིས་ང་ཚོའི་དོན་དུ་རྒྱ་ནག་གི་མཉམ་དུ་དམག་རྒྱག་གི་རེད་ཅེས། རེ་བ་བརྒྱབ་པ་ཡིན་ན་ང་རང་ཚོའི་དངོས་ཡོད་གནས་སྟངས་དང་མི་འཚམ་པའི་བསམ་བློ་ཞིག་རེད་ལ། ཕྱོགས་གཞན་ཞིག་ནས་བལྟས་པ་ཡིན་ན། ད་ལྟ་བར་དུ་ང་ཚོའི་འཐབ་རྩོད་ཀྱི་ཐབས་ལམ་དེ་འཚེ་བ་མེད་པའི་ཐབས་ལམ་ཞིག་གི་ཐོག་ནས་འགྲོ་སྡོད་ཀྱི་ཡོད་པ་རེད། དེའི་ལྟ་གྲུབ་དེ་དང་འགལ་འགྲོ་བ་ཞིག་ཆགས་སྡོད་ཀྱི་ཡོད་རེད།

འདས་པའི་ལོ་རྒྱུས་ནང་ལ་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས། རང་བཙན་གསལ་བསྒྲགས་བསྐྱར་ནན་གནང་བའི་གནས་སྟངས་དེ། ད་ལན་གྲོས་ཚོགས་ནང་དུ་བཀའ་མོལ་གང་ཙམ་ཞིག་བྱུང་བ་རེད། ཡིན་ནའང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་ལ་དངོས་སུ་སྲུང་བརྩི་བྱེད་པ་དང་། དེ་འདྲའི་གནས་བབ་མ་གཟིགས་པའི་འོག་ནས། ད་རེས་གྲོས་ཚོགས་སུ་བློ་ཕམ་བྱུང་བའི་བཀའ་མོལ་གསུངས་པ་ཡང་བྱུང་བ་རེད། ཐུགས་ཁག་ཡོད་པ་མ་རེད། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས། རང་བཙན་བསྐྱར་ནན་གནང་བའི་སྐབས་སུ་བོད་ཀྱི་ས་ཁྱོན་གྱི་གནས་བབ་གང་འདྲ་ཞིག་ཆགས་ཡོད་པ་རེད། ལོ་རྒྱུས་ཀྱི་ཐོག་ནས་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་པ་རེད། དེའི་སྔོན་ལ་དབྱིན་ཇིས་བོད་ལ་དམག་བརྒྱབ་པ་དང་། རྒྱ་ནག་གོང་མས་བོད་ལ་བཙན་འཛུལ་བྱས་པའི་གནས་སྟངས་ཀྱི་འོག་ནས། ༸རྒྱལ་བ་རིན་པོ་ཆེ་རྒྱ་ནག་དང་། སོག་པོ། རྒྱ་གར་བཅས་ལ་ཉེན་གཡོལ་ལ་ཕེབས་དགོས་པའི་གནས་སྟངས་དེ་འདྲའང་ཆགས་ཡོད་པ་རེད། འོན་ཀྱང་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་མཛད་རྣམ་དུ། རང་བཙན་བསྐྱར་ནན་གསལ་བསྒྲགས་བྱས་པའི་གནས་སྟངས་དེའི་ཐོག་ནས། དེའི་སྐབས་ཀྱི་གནས་སྟངས་དེ་གང་འདྲ་ཞིག་རེད་ཅེ་ན། ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུ་ཞིག་ཆགས་ཡོད་རེད་པ་ཅེས་མཛད་རྣམ་རང་གི་ནང་དུ་གསལ་ཡོད་པ་དེ། ང་ཚོས་གོ་རྒྱུ་ཡོད་པ་ཞིག་རེད། ལྟག་ཆུ་ཆད་པའི་རྫིང་བུ་ཟེར་དུས། རྒྱ་ནག་གོང་མའི་སྲིད་དབང་ཉམས་ཆག་ལ་ཕྱིན་ནས་རྒྱ་ནག་རང་གི་ནང་དུ། ཆབ་སྲིད་ཀྱི་འགྱུར་བ་ཤུགས་ཆེན་པོ་ཞིག་ཕྱིན་ནས། དུམ་བུར་གྱེས་པ་དང་། བརྟན་བརླིང་མེད་པའི་གནས་སྟངས་ཤིག་གི་འོག་ནས། བོད་རང་བཙན་བསྐྱར་ནན་བྱེད་ཐུབ་པའི་གནས་བབ་ཅིག་བྱུང་བ་དེ་ལོ་རྒྱུས་ཀྱི་ཐོག་ནས་རེད།

ཡིན་ཡང་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དགོངས་པ་ཞིང་ལ་ཕེབས་པའི་རྗེས་སུ། བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་མཁན་རྭ་སྒྲེང་རིན་པོ་ཆེ་དང་། སྟག་བྲག་རིན་པོ་ཆེ་གཙོས་དེའི་སྐབས་ཀྱི་གནད་ཡོད་མི་སྣ་ཚོས། གནས་སྟངས་ལ་གཞི་བཅོལ་ནས་འཛམ་བུའི་གླིང་གི་ཕྱི་ལ། ང་ཚོས་འབྲེལ་བ་བྱེད་མ་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས། རྗེས་སུ་ང་ཚོ་བཙན་བྱོལ་ལ་གྱར་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་དེ་ནས་ཆགས་ཀྱི་ཡོད་པ་རེད། དེའི་སྐབས་ཀྱི་ཆབ་སྲིད་ཀྱི་གོ་སྐབས་དེ་ཚོ། ང་ཚོས་ལེན་ཐུབ་མེད་པ་དེ་ཚང་མས་མཁྱེན་གྱི་ཡོད་པ་རེད།

ད་ལྟ་ང་ཚོ་བཙན་བྱོལ་ལ་གནས་སྡོད་པའི་སྐབས་སུ་ཐབས་ལམ་དེ་རང་བཙན་ལྟ་བུ་ཞིག་བྱས་ནས། བོད་རང་བཙན་རྩོད་པ་ཡིན་ན་རྒྱལ་སྤྱིའི་ཁྱོན་ཡོངས་ནས་རྒྱབ་སྐྱོར་མེད་པ་ང་ཚོས་ཤེས་བཞིན་དུ། ང་རང་ཚོ་བོད་མི་འབའ་ཞིག་གིས་དེ་འདྲ་རྩོད་པའི་གནས་སྟངས་ཤིག་ཆགས་པ་ཡིན་ན། སྔ་མོ་བོད་རང་དབང་ལུང་པའི་ནང་དུ། ང་རང་ཚོའི་ལུང་པ་རང་དུ་ང་རང་ཚོ་གནས་སྡོད་པའི་སྐབས་སུ་འཐབ་རྩོད་བྱེད་མ་ཐུབ་པ་ཞིག ད་ལྟ་ང་ཚོའི་བོད་ནང་གི་གནས་སྟངས་ཛ་དྲག་པོ་དེ་དང། དྲག་གནོན་ཧ་ཅང་ཤུགས་ཆེན་པོ་ཞིག་གི་འོག་ཏུ་གནས་སྡོད་པ། བཙན་བྱོལ་ནང་གི་གནས་བབ་འདི་འདྲ་ཞིག་གི་འོག་ནས། ང་ཚོ་བོད་མི་གཅིག་པུས་འཐབ་རྩོད་བྱས་པ་ཡིན་ན། གྲུབ་འབྲས་ག་ཚོད་ཅིག་ཐོན་ཐུབ་ཀྱི་རེད་དམ། ཐོན་ཐུབ་ཀྱི་མ་རེད།

གྲོས་ཚོགས་ནང་ལའང་བཀའ་མོལ་བྱུང་སོང་། ཡང་ན་ཐག་བཅད་ནས་བོད་མི་གཅིག་ལས་མ་ལྷག་ན་ཡང་འགྲོ་དགོས་པ་དང་། ཡང་མིན་ན་མར་བབ་ནས་འགྲོ་དགོས་པའི་གནས་སྟངས་དེ་འདྲ་གསུངས་མཁན་བྱུང་སོང་། ལྷག་བསམ་རྣམ་དག་གིས་གསུང་གི་ཡོད་རེད། ཤེས་ཀྱི་ཡོད། ཡིན་ཡང་དེའང་རྟག་མཐའ་དང་། ཆད་མཐའི་གནས་སྟངས་ཤིག་ཆགས་ཀྱི་འདུག་ཅེས་ཞུ་རྒྱུ་གཅིག་ཡིན།

དེ་ཚོ་ཚང་མ་ཞུ་དགོས་པའི་རྒྱུ་མཚན་ག་རེ་རེད་ཅེ་ན། ད་རེས་གྲོས་ཚོགས་སུ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཀྱི་དོན་ཚན་གཉིས་པ་དེ་ང་ཚོ་སྤྱི་མོས་ཀྱི་ཐོག་ནས་འགྲོ་ཐུབ་ཡོད་པ་མ་རེད། བཀུར་འོས་སྤྱི་འཐུས་མཆོག་གིས་ལངས་ཕྱོགས་གང་ཡིན་པ་དེ། གྲོས་ཚོགས་སུ་གསལ་པོ་བཟོས་པ་རེད། ཡིན་ཡང་ཁ་སང་གསལ་བཤད་ཞུས་པ་བཞིན། དེ་རིང་ཡང་བསྐྱར་དུ་གསལ་པོར་ཞུ་རྒྱུར། དེ་སྔ་སྤྱི་མོས་ཀྱི་ཐོག་ནས་གྲོས་ཆོད་བཞག་ཟིན་པ་དེ་ཚོ། འགྱུར་བ་གང་ཡང་འགྲོ་རྒྱུ་ཡོད་པ་མ་རེད།

སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པའི་བརྒྱུད་རིམ་གང་འདྲ་ཞིག་འགྲོ་དགོས་མིན་དེ། ཚོགས་གཙོས་སྔ་རྗེས་སུ་ལམ་སྟོན་ཞུས་ཡོད། མ་འོངས་པ་ཡིན་ནའང་བོད་རྒྱའི་དཀའ་རྙོག་དེ་མ་སེལ་གྱི་བར་དུ། ང་ཚོའི་གཞུང་འབྲེལ་གྱི་ནང་དུ་དབུ་མའི་ལམ་ཟེར་བ་དེ། ཡང་ནས་ཡང་དུ་སླེབས་སྡོད་པའི་གནས་སྟངས་ཤིག་ཆགས་ཀྱི་རེད། དེ་འདྲ་ཞིག་ཆགས་པའི་སྐབས་སུ་དབུ་མའི་ལམ་ག་དུས་ཐོན་པ་ཡིན་ན། དེའི་སྐོར་ལ་དབུ་མ་དང་རང་བཙན་ཞེས་ང་ཚོའི་གྲོས་ཚོགས་སུ་གླེང་བསྡད་པ་ཡིན་ན། དེས་གྲོས་ཚོགས་ཀྱི་གནས་སྟངས་གང་འདྲར་འགྱུར་གྱི་རེད། དེར་དགོངས་པ་བཞེས་རོགས་གནང་ཞེས་ཞུ་འདོད་བྱུང་།

ལྷག་པར་དུ་ཁ་སང་ཚོགས་གཙོས་གསལ་བཤད་ཞུས་པའི་སྐབས་དེར། གྲོས་ཚོགས་རང་གིས་ཐག་བཅད་པའི་གནས་སྟངས་ཤིག་དང་། གྲོས་ཚོགས་ཀྱི་ཆེ་མཐོང་དང་དེ་སྲུང་སྐྱོབ་བྱེད་པ། ཚོགས་གཙོ་སྦྲེལ་པོར་འགན་ཆགས་ཀྱི་ཡོད་པས་ཞུས་པ་མ་གཏོགས། གང་ཟག་སྒེར་སུ་ལ་ཡང་ཁོང་ཁྲོ་དང་། གནོད་སེམས་ཀྱི་ཐོག་ནས་བཤད་པ་མེད་ལ། མ་འོངས་པར་ཡང་རྩ་བ་ཉིད་ནས་ཡོང་ཤེས་ཀྱི་མ་རེད་ཅེས་ཞུ་ཡི་ཡོད།

སྤྱི་པའི་ལས་དོན་དང་། ལྷག་པར་དུ་ད་ལྟ་བསྐུར་བའི་ལས་འགན་ཚོགས་གཙོ་དང་། ཚོགས་གཞོན་གྱི་མིང་ཁུར་ཡོད་པ་སོང་། དེའི་ལས་འགན་གྱི་ངོ་བོ་རང་གི་ཐོག་ནས་ཞུ་ཡི་ཡོད་མ་གཏོགས། གང་ཟག་སྒེར་ལ་ལྟོས་ནས་རྩ་བ་ཉིད་ནས་ཞུ་ཡི་མེད།

སྤྱིར་བཏང་གི་དབུ་མའི་ལམ་ཟེར་བ་དེ། ང་ཚོའི་སྲིད་བྱུས་ཀྱི་སྒྲོམ་གཞི་ཞིག་རེད་ལ། ལྟ་གྲུབ་ཅིག་ཀྱང་རེད། དབུ་མའི་ལམ་གྱི་ལྟ་གྲུབ་དེའི་འོག་ནས་རང་སྐྱོང་རྩོད་ཀྱི་ཡོད་པ་རེད། རང་སྐྱོང་གི་གནས་བབ་གང་འདྲ་ཐོབ་མིན་དེ་དངོས་ཡོད་ཆབ་སྲིད་ཀྱི་གནས་སྟངས་ལ་གཞི་བཅོལ་ནས་ཡོང་རྒྱུ་ཞིག་རེད་མ་གཏོགས། དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༨༧ ལོར་ཞི་བའི་དོན་ཚན་ལྔ་དང་། ༡༩༨༨ ལོར་སི་ཊ་སིའི་སྦག་གྲོས་འཆར། དེ་བཞིན་བྱས་ནས་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་ལམ་འདིའི་ཐོག་ནས་རྒྱ་ནག་ལ་ཡིག་ཆ་སྤྲད་པ། བོད་མི་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྐྲུན་པའི་ཐབས་ཤེས་མར་བབ་པ་དང་། དབུ་མ་གཉིས་ཡོད་པ། དེ་འདྲའི་འགྲེལ་བཤད་བསྐྱོན་བསྡད་པ་ཡིན་ན། ཏག་ཏག་བསྡད་ཡོད་པ་མ་རེད་ཅེས་ཞུ་རྒྱུ་ཡིན།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རེད། སྤྱི་པའི་ཕྱག་ལས་གནང་མཁན་ཡིན་ནའང་འདྲ། སྒེར་པ་ཡིན་ནའང་འཛམ་བུའི་གླིང་འདིའི་ནང་དུ་ཡོད་པའི་རང་སྐྱོང་གི་གནས་བབ་མང་པོ་ཞིག་ལ། ང་ཚོས་ལྟ་ཞིབ་བྱས་ཡོད་པ་རེད་ལ། སློབ་སྦྱོང་ཡང་བྱས་ཡོད་པ་རེད། རང་སྐྱོང་གི་གནས་བབ་ཟེར་བ་དེ་རང་སྐྱོང་ཐོབ་ཚར་བའི་རྗེས་ལ་ཡང་། དངོས་ཡོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ལ་གཞི་བཅོལ་ནས། འགྱུར་བ་འགྲོ་བ་ཞིག་རེེད་མ་གཏོགས། དེ་ཧ་ཅང་བརྟན་པོ་རྡོ་ལ་རི་མོ་བརྐོས་པ་ལྟ་བུའི་གནས་སྟངས་ཤིག་རྩ་བ་ཉིད་ནས་ཆགས་ཀྱི་ཡོད་པ་མ་རེད། དབྱིན་ཡིག་ཐོག་ Autonomy ཟེར་བ་དེ་ static position ཞིག་རྩ་བ་ཉིད་ནས་མ་རེད། autonomy ཟེར་བ་དེ་ dynamic position ཞིག་རེད། དེའི་སྐབས་ཀྱི་ཆབ་སྲིད་གནས་སྟངས་ག་རེ་ཆགས་ཀྱི་འདུག དབུས་དང་ས་གནས་ཀྱི་གནས་བབ། སྟོབས་དང་ཞན་ཆ་ག་རེ་ཡོང་གི་འདུག གལ་སྲིད་ཞི་མོལ་ཞིག་དངོས་སུ་བྱུང་བ་ཡིན་ན། དེའི་སྐབས་ཀྱི་གནས་སྟངས་ཤིག་གི་འོག་ནས། རང་སྐྱོང་གི་གནས་བབ་ཅིག་བསྐྲུན་ཡོང་གི་རེད་མ་གཏོགས།

ད་ལྟའི་ང་ཚོའི་བརྒྱུད་རིམ་འགྲོ་བཞིན་པ་འདིེའི་ཐོག་ནས། འགྱུར་བ་རྩ་བ་ཉིད་ནས་འགྲོ་ཆོག་གི་མ་རེད། ཕྱིན་ན་འགྲིག་གི་མ་རེད། དེ་འདྲ་བྱས་ནས་དགོངས་པ་ཡིན་ན། དེ་ནས་ང་ཚོའི་དབུ་མ་དང་། རང་སྐྱོང་གི་གོ་བ་དེ་ཏག་ཏག་ཅིག་གནས་ཐུབ་ཀྱི་ཡོད་པ་མ་རེད་ལ། དབུ་མ་དང་། རང་སྐྱོང་གི་གནས་བབ་དེ་དངོས་ཡོད་ཀྱི་གནས་སྟངས་ལ་གཞི་བཅོལ་གྱི་ཡོད་པ་སོང་། དངོས་ཀྱི་གནས་སྟངས་ལ་དེང་སང་འགྱུར་བ་ཧ་ཅང་ཤུགས་ཆེན་པོ་ཞིག་འགྲོ་སྡོད་པ་ཞིག་དང་། འཛམ་བུའི་གླིང་འདིའི་ནང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་གང་འདྲ་འགྲོ་ཡི་ཡོད་པ་དེ་བཞིན་དུ། དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ནས། ཐབས་ལམ་འཚོལ་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད།

དེ་ནས་གནད་དོན་གཅིག་ལ། ཁ་སང་སྤར་ཆའི་གྲོས་འཆར་ཞིག་དང་འབྲེལ་བའི་ཐོག་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས། ང་རང་ཚོའི་དབུས་ལ་མང་གཙོའི་ཀ་བ་གསུམ་གྱི་འབྲེལ་བ་དང། སོ་མཚམས། ལྗིད་མཉམ་སྟངས་འཛིན་བྱེད་རྒྱུ། འགན་འཁུར་སྟངས་དང་། རྩིས་རྒྱག་སྟངས། ལན་རྒྱག་སྟངས། རང་དབང་ཅན་གྱི་སྡེ་ཚན་གྱི་དབར་དང་། འཛིན་སྐྱོང་ཀ་བ་གསུམ་གྱི་འབྲེལ་བ། དེ་ཚོའི་གྲས་དེ་ཁ་སང་གྲོས་ཚོགས་ཀྱི་འགྲོ་སྟངས་ལྟར་བྱས་པ་ཡིན་ན། དམ་ཟབ་ཏུ་གཏོང་དགོས་པ་ཞིག་དང་། ང་ཚོས་ཕན་ཚུན་ལ་བློ་འཚབ་གང་ཡོད་པ་དེ་ཤེས་པ་བྱེད་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད་བསམ་གྱི་ཡོད།

ཁ་སང་གྲོས་ཚོགས་ནང་ལ་བགྲོ་གླེང་བྱུང་བའི་སྐབས་ལ། རང་དབང་ཅན་གྱི་སྡེ་ཚན་དེ་དག་རང་དབང་ཅན་གྱི་གནས་བབ་ལ་གནས་ཐུབ་པའི་ཆེད་དུ། སྤར་ཆའི་གྲོས་འཆར་དེ་ལྟར་ཕྱིན་པ་རེད། ཕྱོགས་གཞན་ཞིག་ནས་བལྟས་ན། བཀའ་ཤག་གི་གསལ་བཤད་ནང་དུ། དེ་འདྲ་བཀའ་ཤག་གིས་བཀོད་ཁྱབ་བཏང་བ། རང་སྐྱོང་སྡེ་ཚན་ལ་མ་བརྩིས་པའི་གནས་སྟངས་མེད་ཅེས། རྒྱུ་མཚན་གཉིས་ཀྱི་ཐོག་ནས་གསུངས་པ་དེས། བཀའ་ཤག་གི་འགན་དབང་སྲུང་སྐྱོབ་བྱེད་དགོས་པ་དེ་ཡང་། ང་ཚོ་གྲོས་ཚོགས་འདིའི་འགན་ཆགས་ཀྱི་ཡོད་རེད་བསམ་གྱི་ཡོད། དེས་ན་མ་འོངས་པར་ང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་ནང་དུ། མ་སླེབས་སྔོན་ནས་གྲོས་ཚོགས་རང་གི་ནང་དུ་གོ་བསྡུར་བྱས་ན་གསལ་པོ་ཆགས་ཀྱི་རེད་ཅེས་ཞུ་བ་ལས། སོ་སོ་དང་འབྲེལ་བ་ཡོད་པ་དེའི་འགན་འཁུར་ནས། གཞན་པ་དེ་ལ་ཐད་ཀར་འབྲེལ་བ་གནང་བ་ཡིན་ན། ང་ཚོ་གངས་ཅན་སྐྱིད་གཤོངས་ཀྱི་དཀྱིལ་འཁོར་གཅིག་གི་ནང་དུ་བསྡད་ཡོད་པ་རེད། ཕར་ཚུར་ཐུག་དགོས་པ་ཡིན་ནའང་གོམ་པ་ཁ་ཤས་ཤིག་གི་ནང་དུ་ཐུག་ཐུབ་པ་ཞིག་རེད་མ་གཏོགས། ཐག་རིང་པོར་འགྲོ་དགོས་པའི་གནས་སྟངས་དེ་འདྲ་གང་ཡང་མ་རེད། དེ་ང་ཚོས་མ་འོངས་པ་ཡིན་ན་ཡང་མང་གཙོའི་འགྲོ་ལུགས་ཀྱི་ཐོག་ནས། གནད་འགག་ཆེན་པོ་ཞིག་ཆགས་ཀྱི་འདུག་ཅེས་ཞུ་རྒྱུ་གཅིག་དང་།

ད་རེས་ཀྱི་གྲོས་ཚོགས་འདིའི་ནང་དུ་ས་གནས་འགོ་འཛིན་རྣམ་པ་ཚོ་དང་། ས་གནས་འཐུས་ཚོགས་བར་གྱི་འབྲེལ་བ། ས་གནས་རང་ལ་ཡོད་པའི་མང་གཙོའི་སྒྲིག་འཛུགས་ཁག་གི་འབྲེལ་བབ། མཉམ་འབྲེལ་དང་། ས་གནས་རང་ལ་ཡོད་པའི་སྤྱི་འཐུས་རྣམ་པ་ཚོ། ས་གནས་འགོ་འཛིན་དང་དེ་ཚོའི་བར་གྱི་འབྲེལ་བ། དེ་ཚོའི་ཐོག་ལ་འཛིན་སྐྱོང་གི་ངོས་ནས་ཐུགས་ཞིབ་གནང་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག

རྩ་བའི་འཛིན་སྐྱོང་གི་གསལ་བཤད་གྲོས་ཚོགས་ཀྱི་ནང་དུ་སླེབས་སོང་། དེ་ཚོ་དངོས་ཡོད་རེད། ས་གནས་ཚང་མར་དེ་འདྲའི་སྐུ་ངལ་འཕྲད་ཀྱི་ཡོད་པ་མ་རེད། ས་གནས་མང་པོ་ཞིག་ལ་ས་གནས་སྤྱི་འཐུས་བཞུགས་མཁན་ཡང་ཡོད་པ་མ་རེད། སྤྱི་འཐུས་ཚོ་འཚམས་གཟིགས་ལ་ཕེབས་པ་དང་། ལས་དོན་ཕྱོགས་སྐྱོད་ལ་ཕེབས་པའི་སྐབས་སུ། འབྲེལ་བ་ཡག་ཐག་ཆོད་ཡོད་རེད། དེ་བཞིན་ས་གནས་ཁག་ཅིག་ལ་མཉམ་འབྲེལ་དང་། ས་གནས་འགོ་འཛིན་བར་ལ་ཡང་འབྲེལ་བ་ཡག་ཐག་ཆོད་ཡོད་རེད། ས་གནས་འཐུས་ཚོགས་དང་། ས་གནས་འགོ་འཛིན་གྱི་བར་ལ་ཡང་འབྲེལ་བ་ཡག་ཐག་ཆོད་ཡོད་རེད།

ཡིན་ཡང་ད་ལྟའི་དུས་ཚོད་འདིར། ང་ཚོའི་ལས་བྱེད་སྐུ་བགྲེས་པ་མང་ཆེ་བ་ཞིག བགྲེས་པོ་བགྲེས་ཡོལ་ལ་ཕེབས་པ་དང་། ལས་བྱེད་དགུང་ལོ་ཆུང་བ་དང་ཉམས་མྱོང་ཉུང་བ་མང་པོ་ཞིག ཡར་གནས་སྤར་བརྒྱུད་ལམ་གྱི་ཐོག་ནས། ད་ལྟ་འགན་འཁུར་དགོས་པ་དེ་འདྲ་ཡང་ཆགས་ཀྱི་ཡོད་པ་རེད། དེ་འདྲའི་ཐོག་ནས་ས་གནས་ཙམ་མ་རེད། རྡ་རམ་ས་ལར་ཡིན་ནའང་། ལས་བྱེད་རྣམ་པ་ཚོས་གྲོས་ཚོགས་ཀྱི་ལས་རིམ་དེ་ཚོར་ཐུགས་སྣང་ཡག་པོ་གནང་ཐུབ་པ་ཡིན་ན། འཛིན་སྐྱོང་གིས་གྲོས་ཚོགས་ལ་འགན་ག་རེ་འཁུར་དགོས་ཀྱི་འདུག སོ་སོའི་ལས་གནས་དང་འབྲེལ་བ་ཡོད་པའི་ཐོག་ནས། ཡིག་ཆ་ཡིན་ནའང་རེད། དེ་ཚོ་གང་འདྲ་བྱས་ནས་གྲ་སྒྲིག་བྱེད་དགོས་ཀྱི་འདུག དེ་དང་། ས་གནས་སུ་ཡོད་མཁན་ཚོ་ཡིན་ནའང་། ཁ་སང་ལས་རིམ་གཅིག་དང་འབྲེལ་བའི་ཐོག་ནས་ཞུས་པ་ཡིན། ང་ཚོའི་གྲོས་ཚོགས་རེ་རེའི་ནང་དུ་ཐག་གཅོད་ག་རེ་བྱུང་མིན་དེ། སྔོན་མ་ཡིན་ན་ཆ་ཚང་ཞིག་ཡིག་ཐོག་ལ་ཕབ་ནས་རིམ་པས་མར་གཏོང་སྡོད་ཀྱི་ཡོད་རེད། ཞིབ་ཕྲ་གཟིགས་དགོས་ཀྱི་ཡོད་ན་གཟིགས་ཆོག་གི་རེད་དེ། དེ་འདྲ་སྔོག་མི་དགོས་པའི་ཐོག་ནས། གྲོས་ཆོད་གང་བཞག་པ་དང་། ཁྲིམས་དང་སྒྲིག་གཞི་ལ་འགྱུར་བ་གང་ཕྱིན་པའི་ཡིག་ཆ་གལ་ཆེ་བ་དེ་དག། གྲོས་ཚོགས་གྲོལ་བའི་རྗེས་ལ། ད་ལྟའི་གནས་སྐབས་སུ་ཡིན་ན། སྲིད་སྐྱོང་མཆོག་གི་མཚན་རྟགས་འཁོད་པའི་ཉིན་མོ་དེ་ནས། བཅའ་ཁྲིམས་དང་སྒྲིག་གཞི་དེ་དག་མར་ས་གནས་ཁག་ལ་གཏོང་གི་ཡོད་པ་རེད། དེ་དག་ལ་ཐུགས་ཞིབ་གནང་རོགས་གནང་།

གལ་སྲིད་དབུས་ནས་བཀོད་ཁྱབ་དེ་འདྲ་མ་བྱུང་བ་ཡིན་ཡང་། སོ་སོ་རང་གིས་འགན་འཁུར་ཏེ་གནང་དགོས་པ་དང་། ས་གནས་ལ་ཡིན་ནའང་གཅིག་གིས་གཅིག་ལ་ཕན་ཚུན་བརྩི་འཇོག་བྱས་ནས། ཕན་ཚུན་གྱི་ནུས་པ་མཉམ་སྤུངས་བྱས་པ་ཡིན་ན། མི་མང་ལ་གྱོང་གུན་མི་ཡོང་བ་དང་། ཕྱི་ནས་ལྟ་སྣང་ལ་ཡང་བོད་པ་ཚོའི་ལས་དོན་དངོས་གནས་ཚགས་ཚུད་པོ་འདུག་སྙམ་པ་དང་། ང་རང་ཚོའི་ནང་ཁུལ་ལ་ནུས་པ་སྤུངས་ནས་ལས་དོན་ཚགས་ཚུད་དུ་ཡོང་བར། ཐུགས་ཕན་སོས་ཀྱི་ཡོད་པ་བཤད་མི་དགོས་པ་རེད། དེས་ན་ད་རེས་གྲོས་ཚོགས་ཀྱི་ཉིན་མཐའ་མའི་ཚོགས་གཙོའི་མཇུག་བསྡོམས་གཏམ་བཤད་ཀྱི་ནང་དུ། དེའི་སྐོར་ལ་གཅིག་བཤད་པ་ཡིན་ན། ཐུགས་ཕན་སོས་མི་ཡོང་ངམ་སྙམ་ནས་ཞུས་པ་ཡིན།

སྤྱིར་བཏང་ང་ཚོ་མང་གཙོའི་ལམ་ལུགས་ཚད་དང་ལྡན་པ་ཞིག་གི་ཐོག་ནས་འགྲོ་ཡི་ཡོད་ཅེས་ཞུ་ཡི་ཡོད་རེད། ཕྱི་གསལ་ནང་གསལ་དགོས་པ་དེ་ཡང་གལ་འགངས་ཆེན་པོ་རེད། འཛིན་སྐྱོང་བཀའ་ཤག་གིས་གྲོས་ཚོགས་ལ་ལན་འདེབས་དགོས་པ་དང་། རྩིས་རྒྱག་དགོས་པ། འགན་འཁུར་དགོས་པ་དེ་ཚོ་ཚང་མ་ཚད་དང་ལྡན་པ་གནང་དགོས་པ་དེ་ཡང་གལ་ཆེན་པོ་རེད། ཡིན་ནའང་གནད་དོན་འགའ་ཤས་ཤིག་གྲོས་ཚོགས་འདིའི་ནང་ལ་བཤད་ན་འགྲིག་གི་ཡོད་དམ་མེད་སྙམ་པའི་དྭོགས་པ་ཞིག་བྱུང་བ་ཡིན་ན། དེའི་སྐབས་རང་རང་ནས་དཔྱད་པ་ཡག་པོ་བྱས་ནས། གལ་སྲིད་ངས་བཀའ་ཤག་ལ་དྲི་བ་བཀོད་ནས། བཀའ་ཤག་གི་ལན་འདེབས་དེ་གྲོས་ཚོགས་ཀྱི་ནང་དུ་ཕེབས་པ་ཡིན་ན། དེས་དགེ་དང་སྐྱོན་ག་རེ་ཆགས་ས་རེད། དེ་འདྲའི་གནས་སྟངས་ལ་གཟིགས་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་ལ། སྐར་རྟགས་ཅན་གྱི་དྲི་བ་དང་། སྐར་རྟགས་མེད་པའི་དྲི་བ་ཞེས་དབྱེ་བ་གཉིས་རྐང་བཙུགས་ནས་ཕྱེས་ཡོད་པ་རེད། དེ་ནི་དཀའ་ངལ་དེ་རིགས་མི་འཕྲད་པའི་ཆེད་དུ་ཡིན། ཡིན་ནའང་སྐར་རྟགས་མེད་པའི་དྲི་བ་ད་ལྟ་བར་དུ། ང་རང་ཚོགས་གཙོ་བྱེད་པའི་སྐབས་སུ་ཐེངས་གཅིག་འདྲ་ཞིག་མ་གཏོགས་བྱུང་མ་སོང་། ཚང་མས་སོ་སོའི་གསུང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ལ་བརྩིས། དེའི་དགེ་སྐྱོན་གྱི་གནས་བབ་ག་རེ་ཡོད་མེད་གཟིགས་མ་ཐུབ་པ་བྱས་ནས། ངེས་པར་དུ་གྲོས་ཚོགས་སུ་གསུང་དགོས་པའི་གནས་བབ་དེ་འདྲ་ཚོགས་གཙོ་གཉིས་ལ་ཚོར་སྣང་བྱུང་སོང་། དེ་རིང་གཅིག་ཞུས་པ་ཡིན་ན། མ་འོངས་པར་ཡང་སྐར་རྟགས་མེད་པའི་དྲི་བ། སོ་སོ་རང་གིས་ཤེས་དགོས་པ་རྒྱ་ཁྱབ་ཏུ་ཕྱིན་པ་ཡིན་ན་ཕན་ཐོགས་མེད་པའི་གནས་སྟངས་དེ་འདྲའི་འོག་ནས། སོ་སོས་གནས་ཚུལ་དེ་ཤེས་ཀྱི་མེད་ན་དེ་གསལ་པོ་བཟོ་བའི་ལམ་ཁ་ཞིག་ཡོད་རེད་ཅེས་ཞུ་ཡི་ཡོད། རྩ་བའི་མ་མཁྱེན་པ་མ་རེད།

གནད་དོན་ཁག་གཅིག་ལན་གསལ་པོ་བྱུང་ཚར་བའི་རྗེས་ལ་ཡང་། བསྐྱར་ནན་ཡང་ནན་བྱས་ནས་ཞུ་ཡི་འདུག གནད་དོན་ཁག་གཅིག་གྲོས་ཚོགས་བསྟུད་མར་ཡང་ནས་བསྐྱར་དུ་ཡོང་སྡོད་པ། ལན་ལ་འགྱུར་བ་མེད་པ་དེ་འདྲ་ཡང་ཡོང་སྡོད་ཀྱི་འདུག དེ་འདྲའི་ཐོག་ནས་དུས་ཚོད་འཕྲོ་བརླགས་ལ་གང་ཙམ་འགྲོ་ཡི་འདུག གྲོས་ཚོགས་སུ་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་གསུང་པའི་སྐབས་ལ། བཀའ་ཤག་གི་ལས་དོན་གྱི་ཐོག་ལ་དགེ་སྐྱོན་ཡོ་བསྲང་བྱེད་པ་དེ་གལ་ཆེན་པོ་རེད།

ཡིན་ནའང་དགེ་སྐྱོན་ཡོ་བསྲང་བྱེད་པ་དེ། གྲོས་ཚོགས་ཀྱི་ར་བ་གཅིག་པུར་མ་ཡིན་པར། གྲོགས་ཚོགས་ཀྱི་ཕྱི་ལོགས་སུ་ཡོད་པའི་སྐབས་དང་། གྲོས་ཚོགས་མ་འཚོགས་པའི་སྐབས་ལ། ཐད་ཀ་ཐད་ཀར་འབྲེལ་ཡོད་ལྷན་ཁང་དང་། འབྲེལ་ཡོད་བཀའ་བློན་ཚོར་ཞུས་པ་ཡིན་ན། ཐུགས་ཕན་སོས་པ་ཡོང་གི་རེད་སྙམ་པའི་བསམ་ཚུལ་དེ་འདྲ་ཡང་ཡོང་གི་འདུག

དེ་ནས་ཚོར་བ་གཅིག་ལ། སོ་སོས་གསུངས་པ་དེ་སོ་སོས་ཧ་ཅང་གལ་ཆེན་པོ་ཞིག་ཡིན་དགོངས་ཀྱི་ཡོད་པ་རེད་ལ། ཏན་ཏན་ཡང་རེད། གལ་ཆེན་པོ་ཆགས་སྡོད་ཀྱི་ཡོད་རེད། ཡིན་ནའང་གཞན་གྱི་གསུང་པའི་སྐབས་ལ་ཐུགས་སྣང་དེ་ཙམ་མེད་པ་འདྲ་བོ་བྱས་རྐྱེན། བསྐྱར་འདྲི་ཡང་འདྲི་ཡོང་སྡོད་པའི་གནས་ཚུལ་དེ་འདྲ་ཡང་མཐོང་ཡོང་གི་འདུག

གནད་དོན་ཁག་གཅིག་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་ཧ་ཅང་གལ་ཆེན་པོར་བརྩིས་ནས། དྲི་བ་གཏོང་གི་ཡོད་པ་རེད་ལ། དགོངས་ཚུལ་ཡང་འབུལ་གྱི་ཡོད་པ་རེད། ཡིན་ནའང་འཛིན་སྐྱོང་བཀའ་ཤག་གི་ངོས་ནས། དངོས་སུ་ལག་བསྟར་བྱེད་པའི་སྐབས་སུ་དུས་ཐོག་ལ་བྱེད་མི་ཐུབ་པའི་གནས་སྟངས་དེ་འདྲ་ཡང་ཡོང་གི་ཡོད་རེད། རྩ་བ་ཉིད་ནས་གནང་མི་ཐུབ་པའི་གནས་སྟངས་དེ་འདྲ་ཡང་ཡོང་གི་ཡོད་རེད། གནང་ཐུབ་པ་དེ་འདྲ་ཡང་ཡོང་གི་ཡོད་རེད། གནང་མི་ཐུབ་པའི་གནས་སྟངས་དེ་ཚོ་འགྲེལ་བརྗོད་བྱས་པའི་རྗེས་ལ་ཡང་ཨུ་ཚུགས་ཆེན་པོ་བརྒྱབ་བསྡད་པ་ཡིན་ན། ཐུགས་ཕན་ག་ཚོད་ཅིག་སོས་ཀྱི་ཡོད་དམ་སྙམ་པའི་ཚོར་བ་ཡང་ཚོགས་གཙོ་སྦྲེལ་པོ་གཉིས་ལ་བྱུང་སོང་ཞེས་ཞུ་རྒྱུ་ཡིན།

དེ་ནས་ལས་རིམ་གཅིག་གཉིས་ཤིག་གི་ཐོག་ནས། ཚོགས་གཙོ་གཉིས་ཀྱིས་གཙོ་སྐྱོང་བྱེད་པའི་སྐབས་ལ། ཚོགས་གཙོ་བློ་གཟུ་བོར་གནས་དང་མ་གནས་དེ་འདྲའི་བཟོ་ལྟ་བུ་ཐོན་ཡོང་མཁན་དེ་འདྲ་ཡང་ཡོང་གི་འདུག ཐག་ཆོད་པོའི་ཐོག་ནས་དེ་རིང་གྲོས་ཚོགས་འདི་ནས་ཞུ་རྒྱུར། འདིར་ལངས་སྡོད་མཁན་གྱི་གང་ཟག་འདིར་མཚོན་ན། རྣམ་པ་ཚོས་ཚུར་མ་བཤད་སྔོན་ལ་ང་རང་བློ་གཟུ་བོར་གནས་ཐུབ་ཀྱི་མི་འདུག་སྙམ་པའི་ཉིན་མོ་དེར། རྐུབ་སྟེགས་འདི་བཞག་ནས་འགྲོ་རྒྱུ་རེད་མ་གཏོགས། ཨུ་ཚུགས་བརྒྱབ་ནས་སྡོད་པའི་འདོད་པ་གཅིག་ཀྱང་མེད། དེས་ན་ད་ལྟ་འདིར་བསྡད་པའི་རིང་ལ། བློ་གཟུ་བོ་རང་གི་ཐོག་ལ་གནས་ནས། སྟངས་འཛིན་བྱེད་ཀྱི་ཡོད་པ་ཞིག་ལ་སོ་སོ་རང་གིས་ངོས་འཛིན་བྱེད་ཀྱི་ཡོད། གཞན་གྱིས་སྐྱོན་མ་བཙུགས་པའི་སྔོན་ནས་སོ་སོ་རང་ལ་དཔྱད་པ་བྱེད་ཀྱི་ཡོད། དེས་ན་མ་འོངས་པ་ཡིན་ནའང་། རྐུབ་སྟེགས་འདིའི་ཐོག་ལ་མུ་མཐུད་ནས་བསྡད་ཡོད་ན། བློ་གཟུ་བོ་རང་ལ་གནས་ཡོད་པ་ཞིག་ལ་ངོས་འཛིན་བྱེད་རོགས་བྱོས། ཡང་མིན་ན་དཔང་རྟགས་དང་བཅས་པ་གསུངས་རོགས་བྱོས། དེ་གཅིག་ཞུ་བའི་འདོད་པ་བྱུང་། དེ་ནས་ད་རེས་ཀྱི་ལས་རིམ་འདིའི་ནང་ལ་ང་ཚོ་འཁྲུག་ཆ་དོད་པོ་ཕྲན་བུ་བྱུང་བ་རེད། ཁྲིམས་དང་སྒྲིག་གཞིའི་གནས་བབ་ཀྱི་ཐོག་ནས་བཀའ་མོལ་མང་པོ་ཞིག་བྱུང་བ་རེད། དེ་ཡིན་དུས་ངས་ཞུ་རྒྱུ་གཅིག་དེ། འཛིན་སྐྱོང་བཀའ་ཤག་ཡིན་ནའང་འདྲ། སྤྱི་འཐུས་རྣམ་པ་ཚོ་ཡིན་ནའང་འདྲ། ལྷག་པར་དུ་ཚོགས་གཙོ་གཉིས་དང་། སྤྱི་འཐུས་རྒྱུན་ལས། ཡིག་ཆ་མང་ཆེ་བ་ཞིག་ལ་ང་ཚོས་ལྟ་ཡི་ཡོད། ཡིག་ཆ་མང་པོ་ཞིག་ལ་ཚོགས་གཙོ་གཉིས་ཀྱིས་བལྟས་ནས་གྲོས་ཚོགས་ནང་ལ་གཏོང་གི་ཡོད། ཁྲིམས་དང་། སྒྲིག་གཞི། ལྷག་པར་དུ་བཅའ་ཁྲིམས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དེ་ཚོའི་ཐོག་ལ། ཐུགས་སྣང་གནང་དགོས་པ། སྔོན་རྩིས་དང་དེ་ཚོའི་སྒྲིག་གཞིར་ཐུགས་སྣང་གནང་དགོས་པ་དེ། ཧ་ཅང་གི་གལ་འགངས་ཆེན་པོ་རེད་འདུག

ལས་རིམ་གཅིག་བང་སྒྲིག་སྟངས་འགྲིག་མེད་པ་ཡིན་ནའང་། ཁྲིམས་དང་མ་མཐུན་པའི་ཐོག་ནས། ཚོགས་གཙོ་གཉིས་ཀྱིས་དོ་སྣང་མ་བྱུང་བར་གྲོས་ཚོགས་ཀྱི་ནང་དུ་ཡིག་ཆ་ཞིག་སླེབས་ཡོད་པ་ཡིན་ནའང་། དེ་ཚོའི་གྲས་ལ་དུས་ཐོག་དུས་ཐོག་ཏུ། ལས་རིམ་རྣམ་གཞག་བཏོན་ནས་དགེ་སྐྱོན་ཡོ་བསྲང་བྱེད་ཐུབ་པ་ཡིན་ན། དེ་རིང་ནང་བཞིན་གྱི་དཀའ་ངལ་དེ་འདྲ་འཕྲད་མི་དགོས་པའི་གནས་སྟངས་ཤིག་ཡིན། ད་ལན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀྱང་གསུངས་པ་རེད། ད་རེས་ང་ཚོར་ཉམས་མྱོང་ཆེན་པོ་ཞིག་བྱུང་སོང་། ང་རང་ཚོ་ཚང་མར་ཉམས་མྱོང་བྱུང་བ་རེད།

ཡང་གནས་སྟངས་གཅིག ད་རེས་གྲོས་ཚོགས་འདིའི་ནང་ལོགས་ལ། ངས་འདིར་ཟུར་ཟ་རྩ་བ་ཉིད་ནས་མིན། བཀུར་འོས་སྤྱི་འཐུས་གཅིག་གིས་སྒེར་གྱི་གསལ་བཤད་གནང་བའི་སྐབས་ལ། དཔེར་ན། གྲོས་ཚོགས་འདིའི་ནང་ལ་རྒན་ཤོས་ང་ཡིན་ཞེས། དེ་ཚད་འཛིན་ས་གསུམ་བྱས་ནས་བཟུང་བ་རེད། དེ་བཞིན་ལས་རིམ་རྣམ་གཞག་དེ་འདྲར་གོ་བ་ལེན་ཕྱོགས་ཀྱི་ཐོག་ལ། སྟངས་འཛིན་གནང་དགོས་ཀྱི་འདུག་དེ་འདྲ་ཡང་གསུངས་པ་རེད། ང་ཚོ་འདིའི་ནང་ལ་གང་ཟག་མི་འདྲ་བ་མང་པོ་ཞིག་ཡིན་དུས། སོ་སོ་སོ་སོའི་ལྟ་སྣང་དང་། སོ་སོ་སོ་སོའི་མཐོང་སྣང་ཞིག་ཏན་ཏན་ཡོད་པ་རེད་བསམ་གྱི་ཡོད། ཡིན་ནའང་སོ་སོའི་ལྟ་སྣང་གང་ཡིན་པ་དང་། སོ་སོའི་མཐོང་སྣང་དེ་ཉིད་བདེན་པ་ཡིན་གསུང་པ་ཡིན་ན། དེ་ཏག་ཏག་བསྡད་ཡོད་པ་མ་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ནང་ལོགས་ལ་རྒན་ཤོས་སུ་རེད་ཅེས་ལབ་པ་ཡིན་ན། སྤྱི་འཐུས་ལྷན་ཚོགས་ཀྱིས་ཆ་རྐྱེན་བཞག་པ་དེ་འདྲ་གང་ཡང་མཐོང་གི་མི་འདུག དེ་མང་ཆེ་བ་ཞིག་ང་ཚོའི་ཞབས་ལོའི་ཐོག་ནས་འགྲོ་ཡི་ཡོད་རེད། དེ་ཚོ་ལ་བརྩི་འཇོག་བྱེད་དགོས་པ་དེ་ཡང་གནད་འགག་རེད། གནད་དོན་གོ་བ་ལེན་ཕྱོགས་ཀྱི་ཐོག་ལ་ཡིན་ནའང་གནད་འགག་རེད།

གནད་དོན་གཞན་ཞིག་ལ། ད་རེས་གྲོས་ཚོགས་ཀྱི་ལས་རིམ་འདི་དང་འབྲེལ་བའི་ཐོག་ནས། ཚོགས་གཙོ་ལ་སེམས་འཚབ་ཅིག་བྱུང་སོང་། དེ་ག་རེ་རེད་ཞུས་པ་ཡིན་ན། འཛིན་སྐྱོང་བཀའ་ཤག་གིས་བཀའ་སྤྱི་ལྷན་རྒྱས་འཚོགས་ནས། ཐག་ཆོད་གནང་བཞག་པ་དེ་ཚོ་མཇུག་སྐྱོང་གནང་བར། ཐུགས་སྣང་ག་ཚོད་ཅིག་བྱུང་ཡོད་དམ་བསམ་པ་ཞིག་དང། རྩ་བ་ཉིད་ནས་བྱུང་མི་འདུག་ཅེས་ཞུ་ཡི་མེད། ཡིན་ནའང་སྔོན་རྩིས་དང་འབྲེལ་བའི་ཐོག་ནས། ཛ་དྲག་མ་དངུལ་བཙུགས་མི་དགོས་པ་དང་། དཔྱ་ཁྲལ་བསྡུ་འབུལ་གྱི་བརྒྱུད་ལམ་གྱི་ཐོག་ནས། བྱས་ན་འགྲིག་གི་རེད་ཅེས་ང་ཚོས་ཐག་ཆོད་དེ་འདྲ་ཞིག་བྱུང་ཡོད་རེད། དེ་ལ་མཇུག་དེད་གང་ཡང་བྱུང་ཡོད་པ་མ་རེད།

བཀའ་སྤྱི་ལྷན་རྒྱས་འཚོགས་པའི་སྐབས་ལ། ཆབ་སྲིད་ཀྱི་ལས་འགུལ་སྤེལ་སྟངས་ཀྱི་གནས་སྟངས་དེ། ཡིག་ཐོག་རང་ལ་མར་བཀོད་ནས་ཐག་གཅོད་ཀྱི་ཡོད་རེད། དེ་ཚོའི་གྲས་དང་། དཔེར་ན། སྲིད་སྐྱོང་མཆོག་དང་། ཚོགས་གཙོ། ཚོགས་གཞོན། བཀའ་བློན། སྤྱི་འཐུས་རྣམ་པ་ཚོ་གཞུང་འབྲེལ་ཕྱོགས་སྐྱོད་ལ་ཕེབས་པའི་སྐབས་ལ། ལྷག་པར་དུ་ཕྱི་རྒྱལ་ཁག་ཏུ་སྣེ་ལེན་གང་བྱེད་དགོས་ཀྱི་ཡོད་མེད། དེ་ཚོའི་ཐོག་ལ་ཡང་ཡིག་ཆ་བཞག་ཡོད་རེད་དེ། ཚོགས་གཙོ་སྔོན་མ་ Geneva ཕྱིན་པའི་སྐབས་ལ། Geneva དོན་གཅོད་ལ་ཡིག་ཆ་དེ་ཚོ་རག་མི་འདུག ཡིག་ཆ་དེ་རག་མེད་པ་ཡིན་ན། ལག་ལེན་བསྟར་མཁན་གྱི་ཕྱག་ལ་ཡིག་ཆ་མེད་པ་ཡིན་ན། ང་ཚོ་འདིར་ག་ཚོད་གོ་བསྡུར་བྱས་ནས་ཐག་གཅོད་བྱུང་བ་ཡིན་ནའང་། ཐུགས་ཕན་སོས་རྒྱུ་མེད་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག

ད་ལྟའི་ཆ་ལ་གང་ལྟར་བསྡོམས་བརྒྱབ་ནས་ཞུས་པ་ཡིན་ན། རྩ་བའི་གཞི་རྩ་ཧ་ཅང་ཡག་པོ་བྱུང་སོང་། མང་ཚོགས་ཀྱིས་གྲོས་ཚོགས་ཀྱི་ལས་རིམ་ལ། ཐུགས་སྣང་གནང་མཁན་མང་དུ་མང་དུ་འགྲོ་ཡི་འདུག ཁ་སང་ལས་རིམ་གཅིག་རིང་གི་ཐོག་ལ། དྲ་ལམ་གྱི་ཐོག་ནས་ལས་རིམ་གཅིག་ལ་གཟིགས་མཁན་བཞི་སྟོང་ལྷག་བྱུང་བའི་གནས་སྟངས་ཤིག་ཆགས་ཀྱི་འདུག ཁྱོན་ཡོངས་ནས་གྲོས་ཚོགས་ཀྱི་ལས་རིམ་ཉི་མ་དང་པོ་ནས། མཇུག་བར་དུ་བརྩིས་པ་ཡིན་ན་སྤྱི་སྙོམས་ཀྱིས། བོད་མི་གཅིག་སྟོང་ལྷག་ཅིག་གིས་ལྟ་ཡི་ཡོད་པའི་གནས་སྟངས་ཤིག འདི་ལྟར་ཡོང་སྡོད་ཀྱི་འདུག

དེ་ནས་བོད་ནང་དུ་ཡང་དེ་འདྲར་ཐུགས་སྣང་གནང་ནས། ང་ཚོ་འདི་ག་ལྟར་ཐད་ཀར་རྒྱང་བསྲིང་གིས་གཟིགས་པའི་གོ་སྐབས་དེ་འདྲ་མེད་པ་ཡིན་ནའང་། གཟིགས་པའི་གོ་སྐབས་ཡོང་གི་ཡོད་པའི་གནས་སྟངས་དེ་ང་ཚོས་ཤེས་ཀྱི་ཡོད་པས། ང་རང་ཚོས་གྲོས་ཚོགས་ནང་ལ་ཆ་ཤས་ལེན་སྟངས་དང་། བཀའ་མོལ་གསུང་སྟངས་མང་པོ་ཞིག་ལ། དགོངས་པ་བཞེས་དགོས་པའི་གནས་སྟངས་ཆགས་ཀྱི་འདུག གང་ལྟར་ད་ལྟ་ཡིན་ནའང་། བོད་ནང་གི་ཛ་དྲག་གནས་སྟངས་དེ་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་སྡོད་ཀྱི་ཡོད་རེད། དེ་ཡིན་པའི་ཆ་ནས་མང་ཚོགས་ལ་སྐུལ་སློང་བྱས་ནས། ལས་འགུལ་བྱེད་དགོས་པ་ཁག་ཅིག་གཞི་རྒྱ་ཆེ་བ་དེ་འདྲ་ཡང་བྱུང་ཡོད་རེད། བཀའ་སྤྱི་གཉིས་ཀྱི་སྣེ་ཁྲིད་པའི་ཐོག་ནས་བྱུང་ཡོད་རེད་ལ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་སྣེ་ཁྲིད་པའི་ཐོག་ནས་ཡང་བྱུང་ཡོད་རེད། བོད་རིགས་ཚོགས་པ་དང་། བོད་རིགས་སྤྱི་མཐུན་ཚོགས་པ་དེ་ཚོས་སྣེ་ཁྲིད་པའི་ཐོག་ནས་ཀྱང་བྱུང་ཡོད་རེད།

དེས་ན་གང་ལྟར་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་སེལ་བའི་ཆེད་དུ། རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་མ་བསྟན་གྱི་བར་དུ། ང་ཚོའི་ལས་འགུལ་དེ་མུ་མཐུད་དུ་འགྲོ་དགོས་ཀྱི་ཡོད་རེད། འཛིན་སྐྱོང་བཀའ་ཤག་གིས་གནང་དགོས་པ་ད་ལྟ་བར་དུ་ཡག་ཐག་ཆོད་ཅིག་གནང་སོང་། མ་འོངས་པ་ཡིན་ནའང་བང་བསྒྲིགས་ནས་འགྲོ་དགོས་པ་ཞིག་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཡིན་ནའང་། དེ་སྔ་ང་ཚོས་ཡག་ཐག་ཆོད་ཅིག་བྱུང་ཡོད་རེད། ད་དུང་ཡིན་ནའང་མུ་མཐུད་ནས་ང་ཚོས་ལས་འགུལ་སྤེལ་དགོས་པ་མང་པོ་ཞིག་ཡོང་གི་རེད། དེས་ན་མ་འོངས་པར་ལས་འགུལ་སྤེལ་བའི་བང་དེ་ཚོ་སྒྲིག་ཡོང་དུས། ད་ལྟ་བར་དུ་ཕྱར་གྲུ་མཉམ་འདེགས་གནང་བ་བཞིན། རང་དོན་བཞག་ནས། སྤྱི་དོན་ལ་དུས་ཚོད་གང་མང་ཞིག་གཏོང་ཐུབ་པའི་རེ་བ་ཞུ་བཞིན་ཡོད།

དེ་འདྲའི་གནས་སྟངས་ཤིག་གི་འོག་ནས། ང་རང་ཚོ་འདིར་གྲོས་ཚོགས་འཚོགས་པའི་སྐབས་ལ། ཚོགས་གཙོ་གཉིས་ལ་མཐོང་ཚུལ་གཅིག་ག་རེ་ཡོང་གི་འདུག་ཅེ་ན། ང་རང་ཚོའི་མཐོང་རྒྱ་དང་། ཐོས་རྒྱ་དེ་ག་ཚོད་ཅིག་ཡོད་དམ། དེང་སང་རྒྱ་ནག་སྤྱིའི་གནས་བབ་གང་འདྲ་ཞིག་ཆགས་ཀྱི་འདུག རྒྱ་ནག་དང་ཤར་ཨེ་ཤི་ཡའི་བར་འབྲེལ་བ་གང་འདྲ་ཆགས་ཀྱི་འདུག ཀོ་རི་ཡ་དང་། ཇ་པན་ནམ་ཉེ་ཧོང་དེ་ཚོའི་བར་གྱི་འབྲེལ་བ་གང་འདྲ་ཆགས་ཀྱི་འདུག རྒྱ་ནག་དང་ཐེ་ཝན་བར་ལ་འབྲེལ་བ་གང་འདྲ་ཆགས་ཀྱི་འདུག རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་ ASEAN རྒྱལ་ཁབ་དེ་ཚོའི་བར་ལ་འབྲེལ་བ་གང་འདྲ་ཆགས་ཀྱི་འདུག རྒྱ་ནག་དང་ལྷོ་ཨེ་ཤི་ཡའི་བར་ལ་འབྲེལ་བ་གང་འདྲ་ཆགས་ཀྱི་འདུག དམིགས་སུ་བཀར་ནས་རྒྱ་ནག་དང་རྒྱ་གར་གྱི་འབྲེལ་བ་གང་འདྲ་ཆགས་ཀྱི་འདུག རྒྱ་ནག་དང་ Shanghai Co-operation  Tajikistan, Kyrkyistan, Uzhekistan དེ་ཚོའི་བར་ལ་འབྲེལ་བ་གང་འདྲ་ཆགས་ཀྱི་འདུག ཨུ་རུ་སུའི་བར་ལ་འབྲེལ་བ་ག་རེ་ཆགས་ཀྱི་འདུག རྒྱ་ནག་དང་ཡོ་རོབ་དང་ཨ་མི་རི་ཀ།རྒྱ་ནག་དང་ལྷོ་ཨ་མི་རི་ཀ་དང་ཨ་ཧྥི་རི་ཀའི་བར་ལ་འབྲེལ་བ་གང་འདྲ་ཆགས་ཀྱི་འདུག

རྒྱ་ནག་གིས་འཛམ་བུའི་གླིང་ཁྱོན་ཡོངས་ཀྱི་ཆབ་སྲིད་ཀྱི་ནང་དུ། གཡོ་འགུལ་འདྲ་བོ་ག་ཚོད་ཅིག་ཐེབས་ཐུབ་ཀྱི་འདུག དེའི་གཡས་གཡོན་གྱི་རྒྱལ་ཁབ་དེ་ཚོ་རྒྱ་ནག་གི་སྲིད་བྱུས་ལ་མགོ་སྒུར་དགོས་པའི་གནས་སྟངས་ཆགས་ཀྱི་འདུག་གམ། ཆགས་ཀྱི་མི་འདུག བདེ་འཇགས་ཀྱི་ཐོག་ནས་དང། ཚོང་འབྲེལ་དང་དཔལ་འབྱོར་གྱི་ཐོག་ནས། དམག་གི་ཐོག་ནས། མང་པོ་ཞིག་གི་ཐོག་ནས་ང་རང་ཚོས་སློབ་སྦྱོང་ཅུང་མང་ཙམ་གནང་བ་ཡིན་ན། རང་བཞིན་གྱིས་དཔྱད་པ་བྱེད་པར་གཞི་རྩ་མང་པོ་ཡོང་གི་ཡོད་པ་སོང་། དགོངས་པ་བཞེས་ཕྱོགས་ལ་ཡང་ཧ་ཅང་གིས་ཁྱད་པར་འགྲོ་བ་ཞིག་རེད། ད་རེས་མཇུག་བསྡོམས་གཏམ་བཤད་དེ་ལ་དེ་ཙམ་ཞིག་ཞུ་རྒྱུ་ཡིན།

དེ་ནས་ཐུགས་རྗེ་ཆེ་ཞུ་དགོས་པ་ཁག་ཅིག་ལ་ཁེ་ན་ཌ་གཞུང་གིས། བོད་མི་གཅིག་སྟོང་ཕར་ཁྲིད་པའི་ལས་གཞི་དེ་ཚོ། ད་ལྟ་ཚགས་ཚུད་པོ་བྱས་ནས་འགྲོ་སྡོད་ཀྱི་ཡོད་རེད། དེས་ན་ཁེ་ན་ཌའི་སྲིད་བློན་བཀུར་འོས་ Stephen  Harper མཆོག་རེད། དེ་བཞིན་ང་རང་ཚོར་ཐད་ཀར་འབྲེལ་ཡོད། བོད་དོན་ལ་རྒྱབ་སྐྱོར་དང་། ཤ་ཚ་ཧ་ཅང་ཆེན་པོ་ཡོད་མཁན་ Minister Jason Kenney དེ་དང་འབྲེལ་ཡོད་ཀྱི་ལས་བྱེད་སུ་ཡོད་པ་ཡིན་ནའང། ཚང་མར་དེ་རིང་གི་གྲོས་ཚོགས་འདི་བརྒྱུད་ནས། ཐུགས་རྗེ་ཆེ་ཞུ་རྒྱུའི་འདོད་པ་བྱུང་།

ཚོགས་གཙོ་གཉིས་ལ་མཐུན་འགྱུར་གནང་མཁན། ལས་རིམ་ཚོགས་ཆུང་གི་ཚོགས་མི་རེད། དེ་བཞིན་དེ་རིང་གི་གྲོས་ཚོགས་ཀྱི་ལས་རིམ་འདི་ཐད་ཀར་རྒྱང་བསྲིང་བྱེད་རྒྱུ་ཡིན་ནའང་འདྲ། གང་ལྟར་བརྙན་འཕྲིན་ལེན་མཁན་དང་། དཔར་རྒྱག་མཁན་ཕྱི་དྲིལ་ལས་ཁུངས་ཀྱི་བརྙན་པར་སྡེ་ཚན།

གལ་ཆེ་ཤོས་དེ་གྲོས་ཚོགས་འཚོགས་པའི་སྐབས་ཚོགས་གཙོ་གཉིས་ལ་མཐུན་འགྱུར་སྦྱོར་མཁན་ཡོད་ན་མེད་ན་དེ་ཚོགས་དྲུང་ཆགས་ཀྱི་ཡོད་རེེད། ཚོགས་དྲུང་ཡིན་ནའང་། ཉིན་མཚན་ལྟོས་མེད་ཀྱིས་གང་ལྟར་ལས་རིམ་དེ་ཚོ་བང་སྒྲིག་རྒྱུ་རེད། གཤམ་འོག་ལས་བྱེད་ཚོ་ལ་བཀོད་བྱུས་གནང་རྒྱུ་རེད། དེ་ཚོ་ཚང་མ་ཚགས་ཧ་ཅང་ཚུད་པོ་བྱུང་སོང་། གཤམ་འོག་གི་ལས་བྱེད་ཚོ་ཡིན་ནའང་། ཚང་མ་ཕན་ཚུན་མཐུན་པོ་དང་། ཕྱི་དྲོ་ཕྱི་པོ་བར་དུ་བཞུགས་ཀྱི་ཡོད་ནའང་བཞུགས་ནས། ཕྱག་ལས་གནང་བ་དེ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

བཀའ་ཤག་གིས་མུ་མཐུད་ནས་ཚོགས་ཁང་འདི་སྤྱི་འཐུས་ལྷན་ཚོགས་ལ་གཡར་ནས། འདིའི་ནང་ལ་འཚོགས་བཅུགས། སྐབས་རེ་སྐབས་རེར་ང་ཚོས་རྩེད་མོ་ཡང་བཤད་ཀྱི་ཡོད་རེད། གྲོས་ཚོགས་ཀྱི་འཚོགས་ཁང་དེ་མེད་པ་བྱས་ནས། བཀའ་ཤག་གིས་ཚོགས་ཁང་གཡར་དགོས་པ་དང་། བཀའ་ཤག་ལ་ཚོགས་གཏམ་གཏོང་དགོས་པ་དེ་བདེ་བོ་ཞིག་ཀྱང་མི་འདུག་ཅེས་ཞུ་གིན་ཡོད། དེ་ཡིན་ནའང་གང་ལྟར་དགོངས་པ་ཆེ་བཞེས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ད་རེས་ལས་རིམ་འདི་དངོས་གནས་ཕྲན་བུ་ཕྲན་བུའི་གནས་སྟངས་ཤིག་མ་གཏོགས། ཧ་ཅང་གིས་ཡག་པོ། དུས་ཐོག་ལ་ཚར་ཐུབ་པ། ཧ་ཅང་ཡག་པོ་བྱུང་སོང་། སླར་ཡང་སྤྱི་འཐུས་རྣམ་པ་ཚོ་དང་། བཀའ་བློན་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། གྲོས་ཚོགས་ཚོགས་དུས་རྗེས་མའི་བར་དུ། ང་རང་ཚོ་ཚང་མས་སྤྱི་པའི་ལས་དོན་ལ་ཧུར་བརྩོན་གནང་རྒྱུ་དང་། བོད་ནང་གི་བོད་མི་ཚོས་རེ་བ་བརྒྱབ་པ་ནང་བཞིན་བྱས་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པའི་གནས་བབ་ཅིག་བསྐྲུན་ཐུབ་པ་དང་། བོད་ལ་རང་དབང་ཡོང་བའི་སྨོན་ལམ་དང་བཅས། ཚང་མར་སླར་ཡང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བོད་མི་མང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་འདུ་ལྔ་པ་གྲོལ་བའི་གསལ་བསྒྲགས་ཞུ་ཡི་ཡོད་བཅས་གསུངས།།