
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༦ ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། ཚོགས་ཐུན་གཉིས་པ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ཐོག་མར་ཁྲིམས་བཟོའི་ལས་དོན་གྱི་ལས་རིམ་ཐོག ཡིག་ཆ་ཨང་། ༣༧ པ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། དོན་ཚན་བཅུ་གསུམ་པ། ལས་བྱེད་འདེམས་བསྐོ་བྱ་ལམ། ཞེས་པའི་ནང་གསེས་ ༡ པོ་དང་། ༢ པ། དོན་ཚན་བཅུ་བཞི་པ། འགན་འཛིན་སྡེ་ཚན་གྱི་ལས་བྱེད་གསར་འདེམས། ཞེས་པའི་ནང་གསེས་ ༢ པ། ༣ པ། ༤ པ་ཕྱིར་བསྡུ། དོན་ཚན་བཅོ་ལྔ་པ། ལས་བྱའི་སྡེ་ཚན་གྱི་ལས་བྱེད་གསར་འདེམས། ཞེས་པའི་ནང་གསེས་ ༡ པོ་དང་། ༣ པ། དོན་ཚན་བཅུ་དྲུག་པ། ལས་བྱེད་གནས་སྤར་དང་། བཀོད་སྒྲིག འཕོ་ལེན། ཞེས་པའི་ནང་གསེས་ ༡ པོ་དང་། ༢ པ། ༤ པ། དོན་ཚན་བཅུ་དགུ་པ། དམིགས་བསལ་བསྐོ་གཞག ཞེས་པའི་ནང་གསེས་ ༥ པ། དོན་ཚན་ཉི་ཤུ་པ། ལས་བྱེད་བར་ཉེས་ཆད། དོན་ཚན་ཉེར་གཅིག་པའི་ནང་གསེས་ ༡ པོ་བཅས་ཀྱི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་བཏོན་པ་དང་། དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོའི་ལས་རིམ་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་པ་དང་། དེ་རྗེས་བརྗོད་པ་གཉིས་པའི་ཐོག་ནས་བགྲོ་གླེང་དང་བཅས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། དོན་ཚན་བཅུ་གསུམ་པའི་ནང་གསེས་ ༡ པོ་དང་། ༢ པ། དོན་ཚན་ཉེར་གཅིག་པའི་ནང་གསེས་ ༡ པོ་བཅས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་དང་། གཞན་དོན་ཚན་རྣམས་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་སོང་།

ཉིན་རྒྱབ་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཐོག་རྒྱ་གར་དབུས་སའི་གཞུང་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་། བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ལས་ཡོངས་ནས་འགན་ཁུར་ཧུར་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མུ་མཐུད་ཞུ་སྒོ་གང་ཅིར་འཐུས་ཚང་གནང་དགོས་སྐོར་དང་། ཨོ་སི་ཀྲོ་ལི་ཡར་ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་འབྲེལ་ཆགས་ཀྱི་གཞིས་སྤོས་ལས་གཞིའི་ནང་ཞུགས་མཁན་ཚོར་ཞིབ་འཇུག་གིས་ལས་གཞིར་ཚུད་མིན་ཐག་གཅོད་གང་མགྱོགས་གནང་ཐུབ་དགོས་སྐོར། བོད་གནས་ཕྱོགས་བསྡུས་ཀྱི་གལ་གནད། བོད་ནང་གཉེན་འཕྲད་ཕེབས་མཁན་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་གཞིར་བཟུང་བདེ་སྲུང་ལས་ཁུངས་སུ་འབྲེལ་བ་གནང་གི་ཡོད་མེད། སྐྱབས་བཅོལ་ལག་འཁྱེར་ (RC) གསར་བཟོ་དང་འཕར་འགྱངས་སྐོར། བོད་ནས་གསར་དུ་འབྱོར་བ་རྒྱ་གར་གྱི་ཡིག་ཆ་ Aadhaar Card མེད་པའི་བོད་མི་རྣམས་ཀྱི་དཀའ་ངལ་སེལ་ཐབས། རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་ཡུ་རོབ་ཕྱོགས་ནས་བོད་ནང་བོད་ཕྲུག་བལྟ་སྐོར་འཁྲིད་རྒྱུའི་ལས་རིམ་ཐོག་རྟོག་ཞིབ་གནང་དགོས་པ། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་སྲིད་བྱུས་ལ་གདོང་ལེན་གནང་ཕྱོགས། ཕྱི་རྒྱལ་དུ་ཕྱི་བསྐྱོད་ལག་ཁྱེར་སེར་པོ་ (IC) བརྒྱུད་ཕེབས་མཁན་རྣམས་ཀྱི་ལག་ཁྱེར་སེར་པོ་འཕར་འགྱངས་ཀྱི་དཀའ་ངལ་སེལ་ཐབས། སྤྱི་ཚོགས་དྲྭ་རྒྱའི་ནང་ལས་ཤོག་རྫུན་བཟོ་རིགས་ལ་གདོང་ལེན་གནང་ཕྱོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། བདེ་སྲུང་ལས་ཁུངས་ཀྱི་སྤྱི་ཡོངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༥་་་༢༦ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་།

སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་མགོན་པོ་དོན་གྲུབ་མཆོག་གིས་རྒྱབ་སྐྱོར་གནང་སྟེ། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་འཛུགས་སོང་།

དེ་རིང་གྲོས་ཚོགས་སུ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཇར་མ་ནི་གཞུང་ཚབ་ཁང་གི་གཞུང་ཚབ་གཞོན་པ་སྐུ་ཞབས་ཇོར་ཇི་ པི་ཊར་ (Georg Peter Gerd Enzeriler) མཆོག་དང་། ཁོང་གི་སྐུ་ཟླ། འཇར་མ་ནི་རོགས་ཚོགས་ (FNF) ཡི་འགན་འཛིན་སྐུ་ཞབས་སི་ཊི་ཕན་ སི་ཁོ་ཊི་ (Stefan Schott) ལགས། ལས་གཞི་ལྟ་རྟོག་འགན་འཛིན་རྒན་པ་ལྕམ་སྐུ་ནུ་པུར་ ཧ་སི་ཇཱ་ (Nupur Hasija) ལགས་བཅས་ཕེབས་སྐབས། གྲོས་ཚོགས་ནས་དགའ་བསུ་ཞུས་གནང་ཡོད་པ་བཅས།

