
༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༦ ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བདུན་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས། ཤེས་རིག་ལས་ཁུངས་ཀྱིས་ལས་དོན་ཚགས་ཚུད་གནང་བར་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་དབུས་པའི་ལས་བྱེད་རྣམ་པ་དང་། སློབ་གྲྭ་ཁག་གི་དགེ་ལས་རྣམས་ལ་བསྔགས་བརྗོད་དང་འབྲེལ། བོད་ཀྱི་སྐད་ཡིག་གི་གལ་གནད་དང་། ཕྲུ་གུ་འཚར་ལོངས་སྐབས་ཕ་མ་ཚོས་འགན་ཁུར་ཤུགས་ཆེར་བཞེས་དགོས་པ། བོད་ཡིག་དགེ་རྒན་རྣམས་ཀྱི་མཐུན་རྐྱེན་ཚད་དང་ལྡན་པ་བཟོ་ཐབས། ཕྱི་རྒྱལ་ཁག་གི་གཟའ་མཇུག་སློབ་གྲྭ་ཁག་ལ་བྱིས་སྒྲུང་དཔེ་དེབ་འགྲེམས་སྤེལ། ཕྲུ་གུ་གསོ་སྐྱོང་ཡག་པོ་ཡོང་ཆེད་ཕ་མ་རྣམས་ལ་ཟབ་སྦྱོང་གནང་གལ། ཤེས་ཡོན་སྲིད་བྱུས་ཀྱི་བསླབ་གཞིའི་རྩ་འཛིན་འགྱུར་བ་གཏོང་དགོས་མིན། སློབ་གྲྭ་ཁག་གི་ནང་ཉེ་རབས་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་དང་རྒྱལ་ཞེན་སློབ་གསོ་སྤེལ་ཏེ། སློབ་ཕྲུག་རྣམས་སྤྱི་ཚོགས་སུ་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཡོད་པ་ཞིག་དང་བོད་དོན་འཐབ་རྩོད་མུ་མཐུད་རྒྱུན་འཁྱོངས་གནང་ཐུབ་མཁན་ཞིག་བཟོ་ཐབས། སློབ་གྲྭ་ཟླ་བསྒྲིལ་གྱི་གནས་སྟངས། སློབ་ཟུར་ཚོགས་པའི་མཐུན་འགྱུར་ཐོག་བོད་པའི་སློབ་གྲྭ་ཁག་རང་ཁ་རང་གསོའི་ཐོག་གོམ་པ་སྤོ་ཐབས། དགེ་བཤེས་ཐོན་ཟིན་པ་རྣམས་ལ་ཕྱིའི་སྐད་ཡིག་གི་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བསྐྲུན་ཐབས། བལ་ཡུལ་ནང་ཡོད་པའི་བོད་པའི་སློབ་ཕྲུག་རྣམས་ཀྱི་ཡིག་ཆའི་དཀའ་སེལ་སྐོར།

རྒྱ་གར་དབུས་གཞུང་དང་། ཧི་མཱ་ཅལ་མངའ་གཞུང་ནས་སྨན་པའི་ཟུར་བཅད་ས་མིག་གནང་བ་ཁག་ལ་སློབ་ཕྲུག་རྣམས་ནས་ཚད་ལྡན་གོ་སྐབས་ལེན་ཐུབ་མིན། ཤེས་རིག་ལས་ཁུངས་ནས་གནང་བཞིན་པའི་སློབ་ཡོན་ཁག་གི་ཆ་རྐྱེན་ཇི་ཡིན། ཕྲུ་གུ་གསུམ་ཡན་གྱི་ཁྱིམ་ཚང་རྣམས་ལ་དམིགས་བསལ་མཐུན་འགྱུར་གནང་ཕྱོགས། བོད་པའི་ཕྲུ་གུའི་ནང་རང་གཡེང་ (Autism) གི་དཀའ་ངལ་ཡོད་པའི་ཐོག་ཞིབ་འཇུག་གནང་གལ། རྒྱ་གར་གཞུང་གི་མཐོ་སློབ་དྲག་གྲས་དང་འབུམ་རམས་པའི་ཚུད་རྒྱུགས་སོགས་ཀྱི་ཐོག་སློབ་ཕྲུག་རྣམས་ལ་སྦྱོང་བརྡར་གནང་དགོས་པ། བོད་ནང་བཀོལ་སྤྱོད་བྱེད་བཞིན་པའི་ཐ་སྙད་ལ་གཞི་བཅོལ་བའི་ཐོག་འདི་ནས་ཐ་སྙད་གཏན་འབེབས་གནང་ཕྱོགས། སློབ་གྲྭ་ཁག་གི་ནང་ཟློས་གར་དགེ་རྒན་མེད་པའི་དཀའ་ངལ་སེལ་ཐབས། སློབ་གྲྭ་ཁག་གི་ཆོད་གན་དགེ་རྒན་རྣམས་གཏན་འཇགས་དགེ་རྒན་དུ་འགྱུར་ཐབས་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། ཤེས་རིག་ལས་ཁུངས་ཀྱི་སྤྱི་ཡོངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།

དེ་རྗེས་དཔལ་ལྡན་བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག་གིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༥་་་༢༦ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་།

སྤྱི་འཐུས་རྒྱུན་ལས་ཀྱིས་བདེ་སྲུང་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་སྟེ། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་བཙུགས་ཡོད་པ་བཅས།
