སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་མཇུག་བསྡོམས་ཀྱི་གསུང་བཤད་གནང་བ།

༄༅།། དེ་རིང་གྲོས་ཚོགས་ར་བའི་ནང་ཡོད་པའི་དཔལ་ལྡན་སྲིད་སྐྱོང་མཆོག་དབུས་པའི་བཀའ་བློན་ལྷན་རྒྱས། དེ་ག་ནང་བཞིན་དཔལ་ལྡན་ཚོགས་གཙོ་གཞོན་པ་དབུས་པའི་གྲོས་ཚོགས་ཀྱི་འཐུས་མི་ཚང་མ་ལ་ང་ཚོས་དང་པོ་འགོ་བཙུགས་པ་ནས་མཇུག་བསྡུ་སྟངས་ལ་བལྟས་པ་ཡིན་ན། གང་ཡང་རྟག་པ་མེད་པར་འགྱུར་བ་འགྲོ་ཡི་ཡོད་པ་གསལ་པོ་ཞིག་ཆགས་ཡོང་གི་ཡོད་པ་རེད། དེ་ཡིན་དུས་དེ་རིང་འདིའི་བརྒྱུད་རིམ་ནང་ནས་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འོས་གཞི་བཏོན། གྲོས་ཚོགས་ཀྱི་འཐུས་མི་ཚོའི་ཐོག་ནས་བདམས་ཐོན་གནང་བའི་བཀའ་བློན་དྲུག་དེ་ལྟར་ཕེབས་པ་དེར་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཀྱི་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ལས་དོན་མཐའ་དག་ལྷུན་གྱིས་འགྲུབ་པ། དེ་བཞིན་འཛིན་སྐྱོང་བཀའ་ཤག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐུགས་རེ་གནང་བ་ནང་བཞིན་བོད་མིའི་རང་དབང་གི་བདེན་མཐའ་མ་གསལ་བར་དུ། བོད་མི་རྒྱུན་གནས་ཐུབ་ཐབས་དང་འཁོས་ཀ་ཞན་པའི་དགོས་ངེས་ཐིང་ངེས་ཀྱི་ནད་པ་ཡིན་ནའི་རེད། ཉམ་ཐག་ཡིན་ནའི་རེད། དེ་དག་མ་ལུས་པར་གནས་སྐབས་ཙམ་གྱི་བདེ་སྡུག་ལ་བདག་སྤྲོད་གནང་མཁན་དེ་འཛིན་སྐྱོང་ཆགས་ཡོད་དུས། དེ་དག་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད།

གྲོས་ཚོགས་ཀྱི་ཐོག་ནས་དེ་རིང་ང་རང་ཚོའི་ལས་རིམ་འདིའི་ནང་ལ་བཀའ་བློན་བསྐོས་སྒྲིག་མཚོན་པའི་ལས་རིམ་མང་པོ་ཞིག་ཕྱིན་ཡོད་པ་རེད། དེའི་བརྒྱུད་རིམ་ནང་ལ་བཅའ་ཁྲིམས་རེད། ང་རང་ཚོའི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་རེད། དེ་དག་ཐོག་ལ་འདོད་པ་མཐུན་དང་མ་མཐུན། འགྲེལ་བཤད་རྒྱག་སྟངས་འདྲ་མི་འདྲ་ཡོང་བསྡད་པ་དེ་དག་ཁྲིམས་སྒྲིག་ནང་ལ་གསལ་ཁ་གཅིག་གཏོད་དགོས་པ་དེ་གནད་འགག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་དེ་འདྲའི་དཀའ་རྙོག་དེ་དག་མ་འོངས་པ་ལ་མ་ཡོང་བར་གྲོས་ཚོགས་ཀྱི་ཐོག་ནས་འགན་འཁྱེར་ནས་དེ་དག་ལ་གསལ་ཁ་གཏོད་དགོས་རྒྱུ།

དེ་ནས་རྒྱ་ཆེའི་མང་ཚོགས་ཀྱི་མཁྱེན་དགོས་པ་ག་རེ་རེད་ཟེར་དུས། ཁྲིམས་ལ་བགྲོ་གླེང་བྱེད་པའི་སྐབས་དེར་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པས་ཆ་ཤས་ལེན་དུས་གྲོས་ཚོགས་ཀྱི་ཁོར་ཡུག་དེ་སུན་སྣང་ཅན་དང་། སུན་གཙེར་ཅན་ལ་དགོངས་པ་ནམ་ཡང་བཞེས་རྒྱུ་ཡོད་མ་རེད་ཅེས་ངས་འདི་ཞུ་ཡི་ཡོད། གང་ཡིན་ཟེར་ན། མཚམས་མཚམས་ལ་གྲོས་ཚོགས་དེ་དཔྱད་པ་བྱེད་སའི་སྒོ་ར་ཞིག་ཡིན་དུས། འདིར་དཔྱད་པ་བྱས་པའི་སྐབས་ལ་མང་ཚོགས་ནས་དེར་གཟིགས་ཕྱོགས་ཀྱི་ཐོག་ནས་ཏན་ཏན་ཐུགས་འཚབ་ཡོང་བ་དང་། ཐུགས་བློ་མ་ཁེངས་པར་གང་འདྲ་ཡིན་ན་བསམ་པའི་རྣམ་པ་ཞིག་མེད་འགྲོ། སྤྱི་ཚོགས་ནང་ལ་སྡོད་མཁན་ཞིག་ཡིན་དུས་དེ་རང་བཞིན་གྱི་ཡོང་བསྡད་ཀྱི་འདུུག དེ་དག་ལ་མང་ཚོགས་ཀྱི་ཐོག་ནས་ཐུགས་བདེ་པོ་གནང་དགོས་རེད། སྐད་ཆ་ཤོད་ས་ལ་བཤད། འཇོག་ས་ལ་བཞག རྒྱུ་མཚན་བརྡར་ཤ་གཅོད་པའི་ཐོག་ནས་ང་ཚོའི་ཁྲིམས་སྒྲིག་ལ་གོ་བ་ལེན་ཐབས་བྱེད་རྒྱུ་དང་། གསལ་ཁ་བཟོ་དགོས་པ་དེ་ང་ཚོ་ཁྲིམས་བཟོ་ལྷན་ཚོགས་ཡིན་པའི་ཆ་ནས་ང་རང་ཚོའི་འགན་ཆགས་བསྡད་ཀྱི་ཡོད་རེད། ཡིན་ནའང་དེའི་བཀའ་མོལ་གནང་བའི་བརྒྱུད་རིམ་ནང་ལ་སོ་སོས་བཤད་རྒྱུ་དེ་བཤད། དེ་ནས་གཞན་གྱི་བཤད་སྟངས་ལ་འགྲེལ་བརྗོད་སྣ་ཚོགས་དང་། འབྲེལ་བ་བཏགས་སྟངས་སྣ་ཚོགས་དེ་བྱས་པ་ཡིན་ན་འདི་གང་འདྲ་ཞིག་བསྡད་ཀྱི་ཡོད་ན་བསམ་བསམ་ཞིག་སྔོན་མ་ཡང་དྲན་གྱི་ཡོད། ད་ལྟ་ཚོགས་གཙོའི་རྐུབ་ཀྱག་སྒང་ལ་བསྡད་པའི་སྐབས་ལའང་དྲན་གྱི་འདུག ཚང་མ་ལ་བཀའ་མོལ་གསུང་རྒྱུའི་ཐོབ་ཐང་ཡོད་པ་རེད། དེ་ཡིན་དུས་ཚང་མས་འགན་ཁུར་ཡོད་པའི་ཐོག་ནས། བཀུར་འོས་སྤྱི་འཐུས་རྣམ་པས་གསུང་གི་ཡོད་དུས་གང་གསུངས་པ་དེ་སོ་སོས་འགན་བཞེས་གནང་གི་ཡོད་པ་རེད། དེ་ཚོའི་ཐོག་ནས་ད་ལྟའི་དུས་ཚོད་ལ་མི་ལ་བསླབ་བྱ་བརྒྱབ་ནས་ཕན་གྱི་ཡོད་པ་ཞིག་མཐོང་གི་མི་འདུག རང་གིས་རང་བཅོས་དགོས་པའི་དུས་ཚོད་ཅིག་རེད་འདུག་མ་གཏོགས། གཞན་ལ་མཛུབ་མོ་བཙུགས་ནས་བཅོས་ཐབས་ཡོད་པའི་གནས་སྟངས་ཤིག་ཁག་པོ་རེད་འདུག་བསམ་གྱི་འདུག བཅོས་ཐབས་དེ་འདྲ་ཞིག་ཡོད་པ་ཡིན་ན། ཕལ་ཆེར་དབུ་༸རྒྱལ་བ་རིན་པོ་ཆེ་མཆོག་ནས་བྱས་ཏེ་བསྟན་བདག་བླ་ཆེན་རྣམ་པས་བཀའ་སློབ་རབ་དང་རིམ་པ་ཕེབས་ཡོད་པ་རེད། དེ་འདྲ་ལ་བརྟེན་ནས་ང་ཚོའི་གཤིས་སྤྱོད་དེ་དག་ཏོག་ཙམ་འཇམ་རྩུབ་ཁྱད་པར་འགྲོ་དགོས་པ་ཞིག་རེད་དེ། ཁྱད་པར་ཞེ་པོ་ཞིག་མེད་པའི་བཟོ་འདྲ་ཞིག རང་འཇགས་ཡིན་བསྡད་པ་ལ་བལྟས་དུས་སོ་སོ་སོ་སོས་ལྕག་གཅུན་བྱས། སོ་སོའི་དམ་བཅའ་ལ་དཔག་པའི་སྒོ་གསུམ་གྱི་སྤྱོད་པ་ལ་ཁྱད་པར་གཏང་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ཚོགས་གཙོའི་ངོས་ནས་གཅིག་བྱེད་རོགས་གནང་ཞེས་འབོད་སྐུལ་ཞུ་ཡི་མིན། ཞུས་ནས་ཕན་ཐོགས་ཡོད་མ་རེད། གང་བྱས་གང་ལྟར་གྲོས་ཚོགས་ཀྱི་ར་བ་འདི་ཆེ་མཐོང་ལྡན་པ་གང་འདྲ་ཞིག་བཟོ་ཡི་ཡིན་མིན་དེ་ང་རང་ཚོ་འདིར་གནས་པའི་དབུ་སྲིད་སྐྱོང་ནས་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཞོན་མཆོག་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ་ང་རང་ཚོ་ལ་རག་ལུས་བསྡད་པ་ཞིག་རེད། ང་རང་ཚོས་གྲོས་ཚོགས་ཀྱི་ཆེ་མཐོང་དེ་གང་འདྲ་ཞིག་ལ་སྐྱེལ་གྱི་ཡིན་མིན་དེ་ང་རང་ཚོས་དགོངས་པ་བཞེས་དགོས་པ་ལས། དེ་ཕྱི་ལོགས་ནས་སུ་གང་གིས་གྲོས་ཚོགས་ཀྱི་ཆེ་མཐོང་དེ་ཆེ་རུ་བཏང་ནས། ང་ཚོ་ཡར་བཀྱགས་ནས་མཐོ་རུ་འགྲོ་རྒྱུ་དང་། གུས་བཀུར་ཡོད་པ་ཆགས་རྒྱུ་དེ་འདྲ་རྩ་བ་ཉིད་ནས་ཡོད་མ་རེད། དེ་ཡིན་དུས་ངེས་པར་དུ་བཀའ་མོལ་གང་འདྲ་ཞིག་གནང་གི་ཡོད་པ་ཡིན་ནའང་ཆེ་མཐོང་ལྡན་པའི་ཐོག་ནས་གནང་རོགས་གནང་། གུས་བརྩི་ལྡན་པའི་ཐོག་ནས་གནང་རོགས་གནང་ཞེས་དབུ་འཛུགས་ཀྱི་གཏམ་བཤད་ལའང་ཞུས་ཡོད། ད་ལྟ་ཡང་དེ་འདྲ་ཞིག་གནང་རོགས་གནང་ཞེས་ངས་དེ་ལྟར་འབོད་སྐུལ་ཞུ་ཡི་ཡོད།

གཉིས་པ་དེ་ལ་ང་རང་ཚོའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་རེད། ཁྲིམས་བཟོ་ལྷན་ཚོགས་ནས་ཁྲིམས་ཀྱི་གནད་དོན་དེ་དག་བརྡར་ཤ་གཅོད་ཀྱིན་གཅོད་ཀྱིན། གསལ་ཁ་གཏོད་ཀྱིན་གཏོད་ཀྱིན། ཚང་མས་གོ་བདེ་པོ་ཡོད་པ། དེ་ལ་རྒྱུ་མ་ནང་བཞིན་འཐེན་རྒྱུ་ཡོད་པ་ཞིག་མིན་པར་རྦད་དེ་སུས་བལྟ་བ་ཡིན་ནའང་ཐག་ཆོད་པ་བཟོ་དགོས་པ་དེ་ང་རང་ཚོའི་ལས་འགན་རེད།

གསུམ་པ་དེ་ལ་ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་བ་ཞིག་ཆགས་བསྡད་ཡོད་རེད། ཆབ་སྲིད་ཀྱི་བཙན་བྱོལ་བ་ཡིན་དུས་མིང་རྒྱབ་ཁུར་གྱིས་ང་རང་ཚོ་ལ་ལས་འགན་ཡོད་པ་ཙམ་མ་ཡིན་པར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་ཆབ་སྲིད་ཀྱི་འགན་ཁུར་ཡོད་པ་ཞིག་ལ་བརྩི་ཡི་ཡོད། དེ་ཡིན་དུས་ཚང་མས་ང་རང་ཚོའི་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་མིན་པར་ས་ཆ་མང་པོ་ལ་ལོ་དང་ཟླ་བ་བསྟུད་ནས་མི་སྒེར་སོ་སོས་བོད་དོན་ཞུ་གཏུག་གི་ལས་འགུལ། དངོས་གནས་རྦད་དེ་ཧ་སང་བའི་སྤེལ་སྡོད་མཁན་ཚང་མ་ལ་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཀྱི་ཐོག་ནས་ཐུགས་རྗེ་ཆེ། ཡི་རངས་བསྔགས་བརྗོད་ཞུ་ཡི་ཡོད། དེ་དེ་བཞིན་དེ་འདྲའི་ལོ་དང་ཟླ་བ་བསྟུད་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཐུབ་ཀྱི་མེད་པ་ཡིན་ནའང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དེ་ཧམ་ཟོས་བྱས་ཙམ་དུ་མ་ཟད། བོད་མི་རིགས་ཀྱི་ཁྱད་ཆོས་ཡོངས་སུ་རྫོགས་པ་ནག་སུབ་གཏོང་བའི་མཚམས་ལ་སླེབས་བསྡད་ཡོད་རེད། གནའ་སྔ་མོ་ཡིན་ན་ཤོག་ཐོག་ལ་སྐད་ཡིག་གཉིས་ལྡན་གྱི་སློབ་གསོ་ཡོད་ཅེས་དེ་བཤད་ཀྱི་ཡོད་རེད། སྐད་ཡིག་གཉིས་ལྡན་ཞིག་ཕར་བཞག་ནས། བྱིས་པ་ཆུང་ཆུང་སྔོན་འགྲོའི་སློབ་གྲྭ་མ་གཏང་གོང་ནས་ཁྱིམ་དུ་ཕ་མ་ཚོས་ཕྲུ་གུ་ལ་རྒྱ་སྐད་རྒྱག་དགོས་ཀྱི་ཡོད་ཅེས་བཙན་བཀའ་ཞིག་བཏང་ཡོང་གི་ཡོད་རེད། དེ་དག་ལ་བལྟས་ཡོང་དུས་ཁོང་ཚོས་བྱེད་བབ་ལ་གཞིགས་པར་ང་ཚོར་དུས་ཚོད་མི་འདུག ང་ལས་ཀར་འགྲོ་དགོས་ཀྱི་ཡོད་ཅེས་རྒྱུ་ལ་རྔམ་ནས་ཕྲུ་གུ་ལ་དུས་ཚོད་གཏང་མ་ཐུབ་པ་ཡིན་ན། ཏན་ཏན་རང་ང་རང་ཚོའི་མི་རིགས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ལེགས་བྱང་དེ་དག་ན་ཆུང་རྣམས་ལ་བཞག་མ་ཐུབ་པའི་གནས་སྟངས་ཐབས་སྐྱོ་པོ་ཞིག་ཆགས་རྒྱུ་ཉེན་ཁའི་མཚམས་སུ་སླེབས་ཡོད་དུས། ཕ་མ་ཚང་མས་ཆེ་བཞག་ཆུང་བསྐྱུར་གྱི་ཐོག་ནས་སོ་སོའི་བུ་བརྒྱུད་ལ་རང་མི་རིགས་ཀྱི་སྐད་ཡིག་ཙམ་དུ་མ་ཟད་སོ་སོའི་མི་རིགས་ཀྱི་ལོ་རྒྱུས། སོ་སོའི་མེས་པོ་པོ་པོ་རྨོ་རྨོ་དེ་ཚོ་སྐྱབས་བཅོལ་ལ་སླེབས་པའི་སྐབས་སུ་ཤི་སྟངས་གང་འདྲ་ཞིག་ཤི་འདུག ག་རེ་བྱས་ནས་ཤི་འདུག དེ་དག་གི་བརྒྱུད་རིམ་དེ་ཕྲུ་གུའི་ཁོག་པའི་སྙིང་ལ་བཞག་བྱས་ནས། ཕྲུ་གུའི་སེམས་ཀྱི་ནང་ལ་ལ་རྒྱའི་གཟུངས་འཇུག་ཅིག་ལ་བཅུག་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཆགས་ཀྱི་ཡོད་རེད་ཅེས་འདི་ཞུ་འདོད་བྱུང་། ཕ་མ་གྲོངས་ཚར། ཕྲུ་གུས་ལོ་རྒྱུས་མ་ཤེས་པར་སོ་སོའི་ཕ་མས་དཀའ་ལས་བརྒྱབ་པའང་ཧ་མ་གོ་བའི་གནས་བབ་དེ་འདྲ་ཡོང་གི་འདུག་གཱ། དེ་དག་དཔེ་ཐབས་སྐྱོ་པོ་རེད། དེ་ཡིན་དུས་དེང་སང་འཕྲུལ་ཆས་ཀྱི་དུས་ཚོད་རེད། བརྒྱུད་ལམ་འདྲ་མི་འདྲ་ཡོད་པ་རེད། ཨ་ལེ་ཕྱིར་བསྒྲགས་བྱེད་མ་ཐུབ་པ་ཡིན་ནའང་སོ་སོའི་ཕྲུ་གུ་བུ་བརྒྱུད་ལ་སོ་སོའི་མི་བརྒྱུད་ཀྱི་དཀའ་ངལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་བཅིངས་བཀྲོལ་བཏང་བའི་མིང་འཁྱེར་ཏེ་བོད་ཧམ་ཟོས་བྱེད་པའི་སྐབས་སུ་སོ་སོའི་མི་བརྒྱུད་ནང་ལ་གང་འདྲ་གང་འདྲ་བྱུང་སོང་། དེ་མི་ཐོག་རྗེས་མར་བཞག་དགོས་པ་དེ་ཆབ་སྲིད་ཀྱི་གནད་འགག་རེད་ཅེས་འདི་ཞུ་རྒྱུ་ཡིན། དེ་ཡིན་དུས་ང་རང་ཚོ་ཚང་མས་བོད་ཀྱི་སྐད་ཡིག་དང་། བོད་ཀྱི་ཆོས། བོད་ཀྱི་རིག་གཞུང་ཞེས་གསུང་གི་ཡོད་རེད་པཱ། ཐ་ན་བོད་པའི་མི་ཚེ་སྐྱེལ་སྟངས་ཡན་ཆད་ནས་རྒྱ་དམར་པོས་འགྱུར་བ་གཏོང་རྩིས་བྱེད་ཀྱི་ཡོད་པ་རེད། དཔེར་ན། ད་ལོའི་ལོ་གསར་གྱི་སྐབས་སུ་ཆབ་མདོ་སྨར་ཁམས་ཀྱི་འོད་ཟེར་དགོན་པ་ཀ་བའི་ནང་ལ་ག་རེ་བྲིས་ཡོད་པ་རེད་ཟེར་ན། དགོན་པའི་ནང་དུ་བྱིས་པ་ན་ཆུང་འཛུལ་ཞུགས་ཆོག་གི་མ་རེད་ཅེས་བཀོད་རྒྱ་བཏང་ཡོད་པ་རེད། ཕྱོགས་གཅིག་ལ་བྱིས་པ་ན་ཆུང་དགོན་པར་འཛུལ་ཆོག་གི་མ་རེད་ཟེར་གྱི་ཡོད་པ་རེད། ཕྱོགས་གཉིས་ལ་བཅའ་སྡོད་སློབ་གྲྭའི་ནང་ལོགས་ཀྱི་ཕྲུ་གུ་ན་ཆུང་དེ་ཚོའི་ནང་ལ་ངོ་རྒོལ་གྱིས་རྒྱའི་རིག་གཞུང་ཁྱབ་སྤེལ་གྱི་ཐོག་ནས་ན་ཆུང་བྱིས་པའི་ལག་ཏུ་མེ་མདའ་སྤྲད་བྱས་ནས་མེ་མདའ་གང་འདྲ་རྒྱག་དགོས་ཀྱི་ཡོད་མེད་བསླབས་པའི་གནས་སྟངས་ལ་བལྟས་པ་ཡིན་ན། ང་ཚོའི་ཆོས་དང་རིག་གཞུང་། གོམས་གཤིས་ཡན་ཆད་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་ཞིག་ཏུ་སླེབས་བསྡད་ཡོད་པ་རེད། བཅའ་སྡོད་སློབ་གྲྭ་ཙམ་དུ་མ་ཟད་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ནས་མགོ་བཙུགས་འདུག་སྟེ། ད་ལྟའི་ཆ་ལ་མ་གཏོགས་ང་ཚོས་ཧ་གོ་ཡི་ཡོད་མ་རེད། འབྲིང་རིམ་དང་མཐོ་རིམ་སློབ་གྲྭ་ནས་བོད་ཀྱི་སློབ་ཕྲུག་རྩེ་ཕུད་དེ་དག་རྒྱ་ནག་ཏུ་འཁྲིད་དེ་རྒྱ་ནག་གི་རྒྱལ་ས་ཆེ་ས་ལྔའི་ནང་དུ་བོད་ཀྱི་སློབ་གྲྭ་ཟེར་བ་ཞིག་བཙུགས་ཏེ། དེ་དག་ཕ་མ་དང་རྒྱུན་རིང་པོ་ཁ་ཕྲལ་ཏེ་རྒྱ་ནག་གི་ཡར་ཐོན་རྣམ་པ་དེ་དག་བཏོན་ནས་བོད་དེ་རྗེས་ལུས་ཡིན་པའི་རྣམ་པ་དེ་སེམས་ལ་སྐྱེ་རུ་འཇུག་པ་དང་། དེ་དག་རྒྱ་མི་རིགས་ལ་དགའ་ཞེན་དང་རྒྱ་མི་རིགས་ཀྱི་རིག་གཞུང་ལ་དགའ་མོས་ཡོད་པའི་གཞོན་སྐྱེས་སྐྲུན་ཐབས་ཀྱི་སྲིད་ཇུས་ཤིག་ལག་བསྟར་སྤེལ་བཞིན་པ་རེད། དེ་དག་ག་པར་བལྟས་པ་ཡིན་ནའང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་ཡོངས་རྫོགས་ཆགས་འཇིག་གི་གནས་སྐབས་སུ་ང་ཚོ་འདིར་ང་དང་ཁྱོད་ཅེས་ཟེར་ནས་བསྡད་པ་ཡིན་ན་དངོས་གནས་ལས་རྒྱུ་འབྲས་ལ་འགྲོ་ཡི་མ་རེད། སྤྱི་ཚོགས་དྲྭ་ལམ་ནང་དུ་བཀའ་མོལ་གནང་མཁན་མང་པོ་ཞིག་ཡོད་ས་རེད། སྤྱི་ཚོགས་དྲྭ་ལམ་ནང་ལ་མང་པོ་གསུང་གི་འདུག ངེས་པར་དུ་དགོངས་པ་བཞེས་རོགས་གནང་། སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གསུང་མཁན་དེ་དག་ལ་དངུལ་འདྲ་པོ་རག་གི་ཡོད་ས་རེད། བྱས་ཙང་དངུལ་དེ་ལ་བརྟེན་ནས་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་དོ་ཕོགས་འགྲོ་ཡི་འདུག་ན། དེ་བློས་གཏོང་གནང་རོགས་གནང་ཞེས་དེ་རིང་འདི་ནས་རེ་བ་ཞུ་རྒྱུ་ཡིན། ང་ཚོ་ལ་གཅིག་མི་འདུག གཉིས་མི་འདུག་ཅེས་འཕྱར་དགོས་ཀྱི་ཡོད་པ་མ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཕྱར་གྱི་རེད། ཁོ་ཚོ་ག་པར་ལ་ཞེད་ཀྱི་ཡོད་པ་རེད་ཟེར་ན། ༸སྐྱབས་མགོན་རིན་པོ་ཆེ་ཡིས་བཀའ་དྲིན་ཆེན་པོས་བཙུགས་པའི་སྒྲིག་འཛུགས་འདི་ལ་ཞེད་ཀྱི་ཡོད་པ་རེད། ཁྲིམས་ཀྱི་དབང་བསྒྱུར་ཐོག་ནས་འདིར་མི་སྒེར་གཅིག་གི་དབང་ཤེད་འགྲོ་ས་མེད་པ་དེ་ལ་ཁོ་ཚོ་ཞེད་ཀྱི་ཡོད་པ་རེད། དེ་འགྲོ་བའི་དཔང་རྟགས་གང་རེད་ཟེར་ན། དཔལ་ལྡན་སྲིད་སྐྱོང་མཆོག་གི་དམ་འབུལ་སྐབས་སུ་བལ་ཡུལ་ནས་མི་མ་གཏོང་རོགས་བྱེད་ཟེར་མཁན་ཁོང་ཚོས་ཞུ་བ་འཐེན་སྟངས་དེ་ག་རང་ནས་ང་ཚོས་ཧ་གོ་ཡི་རེད། དེས་ང་ཚོའི་སྟོབས་ཤུགས་སྒྲིག་འཛུགས་འདི་ལ་ཡོད་པ་ང་ཚོས་མཁྱེན་དགོས་ཀྱི་རེད། དེ་འདྲའི་ཐོག་ནས་ང་རང་ཚོ་ཚང་མས་ཆེ་བཞག་ཆུང་བསྐྱུར་བྱེད་དགོས་པ་དང་། སྐད་ཆ་རྙིང་པ་དེ་དག་བསྐྱར་སློང་དང་བསྐྱར་སློང་བྱས་ན་ཕན་ཐོགས་རྒྱུན་ནས་ཡོད་མ་རེད། དེ་ཡིན་དུས་ངས་འདི་ནས་མཐའ་དོན་དུ་ག་རེ་ཞུ་རྒྱུ་ཡིན་ཟེར་ན། ང་ཚོའི་འཐབ་རྩོད་འདི་ལ་ཆིག་སྒྲིལ་གྱི་ནུས་པ་ཞིག་དགོས་ཀྱི་འདུག་ན། ཚང་མས་ཆེ་བཞག་ཆུང་བསྐྱུར་གྱི་བསམ་བློ་ཞིག་གཏོང་དགོས་པ་དེ་གནད་འགག་ཆེན་པོ་རེད། ཚང་མས་ངས་བྱེད་ཀྱི་ཡོད་ལབ། གཞན་གྱི་བྱེད་ཀྱི་མི་འདུག་ལབ་པ་ཡིན་ན། བྱེད་མཁན་དེ་སུ་ཆགས་ཀྱི་ཡོད་དམ། ངས་ཤེས་ཀྱི་མི་འདུག དེ་ཡིན་དུས་གང་བྱས་ང་རང་ཚོ་ཚང་མས་ཕར་ལའང་མཛུབ་མོ་མ་བཙུགས། ཚུར་ལའང་མཛུབ་མོ་མ་བཙུགས། སོ་སོའི་ངོས་ནས་དངོས་གནས་རང་ང་རང་ཚོས་བོད་སྤྱི་པ་ལ་ཕན་པའི་བསམ་བློ་ཞིག་གཏང་གི་ཡིན་བསམས་པའི་ཐོག་ནས། ང་ཚོའི་ལས་ཀར་དེ་རིང་བཀུར་འོས་སྤྱི་འཐུས་རྣམ་པས་བཀའ་སློབ་དངོས་གནས་རྒྱས་ཤིང་རྒྱས་པ། ལས་འགུལ་སྤེལ་སྟངས་དང་ལས་འཆར་སྒྲིག་སྟངས། ཤེས་རིག་ལས་ཁུངས་ལ་བོད་ཀྱི་བརྡ་ཆད་ཀྱི་མཉེན་ཆས་བཟོ་སྟངས་ཡན་ཆད་ལ་བཀའ་སློབ་ཟབ་མོ་ཕེབས་སོང་། བཀའ་སློབ་ཕེབས་པ་ནང་བཞིན་གྱིས་ས་གནས་ས་ཐོག་ལ་ང་ཚོས་ཐང་ལ་འདོན་དགོས་ཀྱི་འདུག་ཟེར་དུས། ཐང་ལ་ཐོན་པའི་སྐབས་ལ་ཆད་ལུས་མེད་པའི་ཐོག་ནས་ཚང་མས་དང་དང་དོད་དོད་ཀྱིས་དེའི་ནང་ལ་མཉམ་ཞུགས་བྱེད་པར། ཚོགས་གཙོ་གཉིས་ཀྱིས་ཐུགས་རེ་བྱེད་ཀྱི་ཡོད། དེ་ཡིན་དུས་མང་པོ་ཞེ་དྲག་བཤད་ནས་ཕན་ཐོགས་གང་ཡོད་པ་མ་རེད། དེར་བརྟེན་དེ་རིང་གྲོས་ཚོགས་ཀྱི་ནང་ལ་སྤྱི་འཐུས་ ༢༩ ཡིས་ཆ་ཤས་ལེན་སོང་། དེའི་ནང་ནས་ང་རང་ཚོའི་སྤྱི་འཐུས་གསར་པ་ཡིན་པ་བཅུ་བཞིའི་ཐོག་ནས། དེ་རིང་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་ཐོག་ལ་ཁོ་རང་ཚོས་དགོངས་འཆར་དེ་དག་ཕུལ་བ་བྱུང་སོང་། དེ་དག་ཚང་མ་ཧང་སང་བའི་ཡག་པོ་བྱུང་སོང་། འདིར་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་ནས་དེ་རིང་གི་ང་རང་ཚོའི་དམ་འབུལ་གྱི་རྗེས་ལ་གྲ་སྒྲིག་དེ་དག་ལམ་སང་གནང་རྒྱུའི་ཐོག་ལ། ཕྱི་དྲིལ་སྒྲ་བརྙན་ཚན་པའི་ཐོག་ནས་ལས་རིམ་དེ་ཚོ་ཐད་གཏོང་གནང་རྒྱུའི་ཐོག་ལ་ང་ཚོར་རོགས་ཕན་གནང་ཡོད་པ་རེད། བདེ་སྲུང་ལས་ཁུངས་ཀྱི་ཐོག་ནས་གྲོས་ཚོགས་འཚོགས་པའི་རིང་ཕྱི་མི་སྲུང་བྱ་དང་འབྲེལ་བའི་ལས་དོན་གྱི་ཐོག་ལ་མཉམ་རུབ་གནང་ཡོད་པ་རེད། དེ་ག་ནང་བཞིན་ནང་སྲིད་ལས་ཁུངས་ཀྱི་ས་ཁང་ཚན་པའི་ཐོག་ནས་གློག་གི་ཡོ་ཆས་དང་འབྲེལ་བའི་བཀོལ་སྤྱོད་དེ་དག་ལ་ཕྱག་རོགས་གནང་ཡོད་པ་རེད། དེ་དེ་བཞིན་གྱིས་གཙོ་བོ་འདི་ང་ཚོ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚོའི་ཐོག་ནས་སྔ་ལངས་དང་། ཕྱི་བཞུགས་ཀྱི་ཐོག་ནས་དེ་རིང་གི་ལས་དོན་དེ་དག་འཐུས་ཚང་བྱུང་བར་ཕྱག་རོགས་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བ། ང་རང་ཚོ་ཐུན་མོང་གི་ལས་དོན་དེ་དག་འགེགས་མེད་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་གནང་།།