སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་བསྒྲིལ་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༩ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཉིན་གྲངས་བརྒྱད་རིང་གི་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་བསྒྲིལ་གནང་སོང་།


དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བརྒྱད་པ་ཚོགས་ཤིང་། སྔ་དྲོ་ཐོག་མར་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་ཐོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡིག་ཆ་ཨང་། ༣༩ པ། ཨ་རིའི་གྲོས་ཚོགས་ནས་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་གཞུང་འབྲེལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་གྲོས་འཆར་བཏོན་གནང་བར། དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་དང་།


དེ་བཞིན་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་ཡིག་ཆ་ཨང་། ༤༠ པ། ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ལྕམ་སྐུ་ཇ་ནི་ཊ་ རཡེ་སེ་ (Former Senator Janet Rice) མཆོག་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་སྤྱི་མོས་གཏན་འབེབས་གནང་ཡོད་པ་རེད།


དེ་རྗེས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བརྒྱད་པ། དོན་ཚན་ ༩༧ ནང་གསེས་ ༡ པོའི་ (ཀ) དགོངས་དོན། “དབུས་འོས་བསྡུ་ལས་ཁང་ལ་སྤྱི་ཁྱབ་འགན་འཛིན་གཅིག་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། དེ་མིན་ལས་བྱེད་ཇི་དགོས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས་བཀའ་ཤག་ལ་གོ་བསྡུར་དང་འབྲེལ་བཀའ་ཤག་ནས་སྐབས་སོ་སོར་བསྐོ་གཞག་བཀོད་སྒྲིག་བྱེད་ཆོག་པ་ཡིན།” ཞེས་པའི་ཆ་རྐྱེན་འོག འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་། ཚོགས་མི་བཀའ་ཟུར་ཆོས་སྐྱོང་དབང་ཕྱུག་མཆོག ཚོགས་མི་དབུས་འོས་བསྡུ་འགན་འཛིན་ལས་འཕར་ཟུར་པ་བསོད་ནམས་རྒྱལ་མཚན་མཆོག་བཅས་ལས་གྲུབ་པའི་ཚོགས་ཆུང་ནས། སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས་དང་། ལྷ་ལུང་རྒྱལ་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བརྒྱད་པའི་ཚོགས་ཐུན་དང་པོའི་ཐོག་ངོ་ཡོད་སྤྱི་འཐུས་རྣམས་ནས་གསང་བའི་འོས་ཤོག་འཕངས་ཏེ་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས་ལ་འོས་གྲངས་ ༢༩ དང་། ལྷ་ལུང་རྒྱལ་ལགས་ལ་འོས་གྲངས་ ༡༢ ཐོབ་པ་དང་། འོས་གྲངས་ ༣ རྩིས་མེད་བྱུང་བ་བཅས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས་མང་མོས་ཐོག་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་སོང་།


དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དགུ་པ། དོན་ཚན་ ༡༠༡ ནང་གསེས་ (༡) དགོངས་དོན། “ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་དང༌། ཚོགས་མི་གཉིས་ནས་བཞིའི་བར་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མིར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།” ཞེས་པའི་ཆ་རྐྱེན་འོག ཞེས་པའི་ཆ་རྐྱེན་འོག་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་བཀའ་ཟུར་འཕགས་པ་ཚེ་རིང་མཆོག་དང་། ཚོགས་མི་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་ཟུར་པ་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག ལས་བྱེད་འདེམས་ལྷན་གྱི་ཚོགས་མི་ཟུར་པ་མཚམས་གདའ་རྡོ་རྗེ་མཆོག་བཅས་ལས་གྲུབ་པའི་ཚོགས་ཆུང་ནས། རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་རྣམ་གཉིས་འཆར་འབུལ་བྱུང་བར། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བརྒྱད་པའི་ཚོགས་ཐུན་དང་པོའི་ཐོག་ངོ་ཡོད་སྤྱི་འཐུས་རྣམས་ནས་གསང་བའི་འོས་ཤོག་འཕངས་ཏེ། རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ལ་འོས་གྲངས་ ༡༨ དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ལ་འོས་གྲངས་ ༢༤ ཐོབ་པ་དང་། འོས་གྲངས་ ༣ རྩིས་མེད་བྱུང་བ་བཅས་དཔལ་ལྡན་ཚོགས་གཙོ་མཆོག་གིས་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་མང་མོས་ཐོག་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བདམས་ཐོན་བྱུང་བའི་གསལ་བསྒྲགས་གནང་སོང་།


དེ་རྗེས་ཁྲིམས་བཟོའི་ལས་དོན་ཐོག ཡིག་ཆ་ཨང་ ༤༡ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོོན་ཚན་རེ་གསུམ་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཞེས་པའི་ནང་གསེས་ ༤ པའི་ཐོག་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་བཏོན་གནང་བར། སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ཐོག་ནས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་ཐོག་གཏན་འབེབས་དང་། ཆབས་ཅིག་ཡིག་ཆ་ཨང་ ༣༡ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་རེ་གསུམ་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁྲིམས་ཞིབ་པ་ཞེས་པའི་ནང་གསེས་ ༢ པའི་ “ག” ཡི་ཐོག་བརྗོད་པ་གཉིས་པའི་ཐོག་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་རྗེས། བརྗོད་པའི་གསུམ་པའི་ཐོག་ཡིག་ཆ་ཨང་། ༤༤ བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོོན་ཚན་རེ་གསུམ་པ་དོན་ཚན་རེ་གསུམ་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁྲིམས་ཞིབ་པ་ཞེས་པའི་ནང་གསེས་ ༢ པའི་ “ག” པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཞེས་པའི་ནང་གསེས་ ༤ པ་བཅས་གཏན་འབེབས་གནང་ཡོད།

ཡིག་ཆ་ཨང་ ༣༡ པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་སོ་བདུན་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཞེས་པའི་ནང་གསེས་ ༡ པོའི་ “ཁ” ཡི་ཐོག་བརྗོད་པ་གཉིས་པའི་ཐོག་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་མ་ཐོབ་པར་བརྟེན་ཟགས་པ་དང་། ཡིག་ཆ་ཨང་། ༤༡ ཀ བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་དོན་ཚན་བཅུ་གསུམ་པའི་ ༡ པོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་གནང་བར་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ཐོག་སྤྱི་མོས་ཐོག་གཏན་འབེབས་དང་། བརྗོད་པ་གསུམ་པའི་ཐོག་ཡིག་ཆ་ཨང་། ༤༥ བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་དོན་ཚན་བཅུ་གསུམ་པའི་ ༡ པོ་གཏན་འབེབས། དེ་བཞིན་མཛད་གཙོ་རྣམ་པའི་ཕོགས་དང་། ཟུར་ཕོགས། འགྲིམ་འགྲུལ། མཚན་དོད། ཉིན་རེའི་ལས་དོད་བཅས་ཀྱི་ཐོབ་ཐང་གི་སྒྲིག་གཞིར་བསྐྱར་བཅོས་ཐོག་བརྗོད་པ་གཉིས་པའི་ཐོག་སྤྱི་མོས་དང་། བརྗོད་པ་གསུམ་པའི་ཐོག་ནས་གཏན་འབེབས་གནང་ཡོད།

དེ་རྗེས་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་ཡིག་ཆ་ཨང་། ༣༥ བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བ་དང་།

དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡིག་ཆ་ཨང་། ༣༦ དཔལ་ལྡན་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་གནང་བར། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་པ་དང་། དེར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་རྒྱབ་སྐྱོར་གནང་སྟེ། སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་བཀའ་ཤག་གིས་གསལ་བཤད་གནང་བའི་དོན་གནད་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་ངེས་བྱུང་བའི་གྲོས་ཆོད་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་མང་མོས་ཐོག་གཏན་འབེབས་གནང་སོང་།


དེ་ནས་ཡིག་ཆ་ཨང་ ༤༣ པ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་ཕོགས་དང་། ཟུར་ཕོགས། འགྲིམ་འགྲུལ། མཚན་དོད། ཉིན་རེའི་ལས་དོད་བཅས་ཀྱི་ཐོབ་ཐང་གི་སྒྲིག་གཞིར་བསྐྱར་བཅོས་ཀྱི་ཁྲིམས་འཆར། ཡིག་ཆ་ཨང་ ༣༢ པ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་བརྗོད་པ་དང་པོ་ཟིན་བསྟུན་དགོངས་འཆར་སྤྱི་མོས་གཞིར་བཟུང་། སྒྲིག་གཞི་བསྐྱར་བཅོས་ཐོག་བསྐྱར་ཞིབ་ནན་ཏན་གྱིས་སྒྲིག་གཞི་དེ་རང་ངམ། ནང་དོན་དེར་བསྟུན་གྱིས་སྒྲིག་གཞི་ཞིག་ཟུར་དུ་གསར་བཟོ་དགོས་མིན་གང་དགེའི་སླད་སྤྱི་འཐུས་གསུམ་ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་ཚོགས་གཙོ་སྦྲེལ་པོས་བསྐོ་གཞག་གིས་གྲུབ་དོན་སྙན་ཐོ་དང་། ཁྲིམས་འཆར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པར་འགོད་འབུལ་དགོས་རྒྱུའི་སྤྱི་མོས་སམ་མང་མོས་ཀྱི་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་གིས་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་གནང་བ་དང་།

དེ་རྗེས་ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ཀྱིས་དགོངས་ཤོག་ཁག་སྙན་སྒྲོན་གནང་རྗེས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་འདུ་མཇུག་བསྡོམས་ཀྱི་གསུང་བཤད་གནང་སྟེ། ཐེངས་འདིའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་བསྒྲིལ་གནང་ཡོད།


དེ་ཉིན་ལས་རིམ་ཐོག་ཀངྒ་ར་རྫོང་གི་ཉེན་རྟོག་དཔོན་དང་། དེ་བཞིན་འཇར་མན་རོགས་ཚོགས་ (FNF) ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀཱར་སི་ཊེན་ ཀེ་ལེན་ (Dr. Carsten Klein, Head of Regional Office South Asia, FNF) མཆོག་དང་། འཇར་མན་དང་། མལ་ཌེབ་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་འཐུས་མི་རེ་རེ་བཅས་སོ་སོར་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་པར་གྲོས་ཚོགས་ནས་དགའ་བསུ་ཞུས་པ་དང་། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་པ་བཅས།