སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གཉིས་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ཚེས་ ༡༡ ནས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གཉིས་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ཐོག་མར་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་བོད་མི་མང་སྤྱི་འཐུས་ཟུར་པ་ཆུང་བདག་ཀོ་རིན་མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་རྗེས། ཚང་མ་སྐུ་བཞེངས་ཐོག་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས་གནང་སོང་།

དེ་རྗེས་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣་་་༢༤ ལོའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་ནང་སྲིད་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་དང་། ལས་བསྡོམས་ཐོག་བསྔགས་བརྗོད་དང་འབྲེལ། རྗེས་འབྱོར་བའི་སྡོད་ཁང་གསར་རྒྱག་ལས་གཞིའི་སྐོར་དང་། མི་འབོར་གྲངས་བཤེར་གྱི་གནས་སྟངས། མཉམ་འབྲེལ་གྱི་གནས་བབ། དང་ཟུར་རྣམས་ལ་གཟིགས་རྟོག་སྔར་ལྷག་དགོས་པ། གཞིས་ཆགས་དང་འབྲེལ་བའི་ས་ཁང་གི་སྒྲིག་གཞི་རྣམས་མི་མང་རྣམས་ལ་ངོ་སྤྲོད་གསལ་པོར་བྱེད་དགོས་པ། སོ་ནམ་སྐྱེ་ལྡན་ཉམས་ཞིབ་དང་སྦྱོང་བརྡར་ལས་གཞིར་བསྔགས་བརྗོད་དང་མུ་མཐུད་ལས་གཞི་རྒྱ་སྐྱེད་གཏོང་དགོས་པ། རྡ་ས་མེག་གྷན་བོད་མིའི་སྡོད་ཁང་གི་ས་ཆའི་ཁྲིམས་མཐུན་དཀའ་ངལ་སེལ་ཐུབ་མིན་སྐོར། ཉམ་ཐག་ཞིབ་འཇུག་གི་སྙན་ཐོ། བོད་མིའི་ན་གཞོན་ལས་མེད་རྣམས་ཀྱི་དཀའ་སེལ་སླད་དུས་དང་འཚམས་པའི་སྦྱོང་བརྡར་འདྲ་མིན་གནང་དགོས་པའི་སྐོར་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་གནང་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་མཉམ་འབྲེལ་གྱི་གནས་སྟངས་ཡོངས་རྫོགས་སྐོར་ཨ་རིའི་རོགས་ཚོགས་ (NDI) ཡི་མཐུན་འགྱུར་འོག་ཆེད་ལས་མཁས་པའི་ཐོག་ནས་ཞིབ་འཇུག་སྙན་ཐོ་སླེབས་ཡོད་པའི་སྐོར་དང་། ད་ལྟའི་གཞིས་སྤོ་ལས་གཞི་དང་འབྲེལ་བའི་སྐོར་སོགས་ལ་ལན་འདེབས་གསལ་བཤད་ཞིབ་ཕྲ་གནང་རྗེས། ནང་སྲིད་ལས་ཁུངས་ཀྱི་སྤྱི་ཡོངས་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣་་་༢༤ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༣་་་༢༤ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་རྒྱབ་སྐྱོར་གནང་རྗེས་ཚོགས་འདུ་མཇུག་བསྒྲིལ་བ་དང་། སང་ཉིན་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས།