སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གསུམ་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དྲུག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གསུམ་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་ཆོས་རིག་ལས་ཁུངས་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་དོགས་འདྲི་ཕུལ་བ་ལྟར་དཔལ་ལྡན་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཞལ་འདོན་གཉེན་ཆས་ (Android) དང་ (iOS) གཉིས་ཀའི་ཐོག་ནས་ཕབ་ལེན་བྱ་རྒྱུ་ཡོད་པའི་སྐོར་དང་། བཙན་བྱོལ་ནང་བོད་མི་རྣམས་ཀྱིས་སྒོར་གཞས་འཁྲབ་པ་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་གནང་བཞིན་པར་བསྔགས་བརྗོད་ཞུས་པ་སོགས་གཞན་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་སོང་། གཞན་ཡང་སྤྱི་འཐུས་རྣམ་པས་བོད་ཀྱི་དཔེ་མཛོད་ཁང་གིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་སླད་ལས་འཆར་སྣ་ཚོགས་སྤེལ་བཞིན་པར་བསྔགས་བརྗོད་སོགས་གནང་རྗེས། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།

སང་ཉིན་ནས་མུ་མཐུད་ལས་ཁུངས་གོ་རིམ་ལྟར་ལོ་འཁོར་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས།