༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དྲུག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པ་ཚོགས་གནང་སོང་།
དེ་ཡང་སྔ་དྲོ་མུ་མཐུད་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་ལྷུགས་པོར་གནང་རྗེས། བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་དང་། བོད་མི་རྣམས་རྒྱ་རིགས་སུ་བསྒྱུར་རྒྱུ་སོགས་སྡུག་རྩུབ་ཅན་གྱི་སྲིད་བྱུས་ཁག་མཚམས་འཇོག་དགོས་པ། བོད་རྒྱ་གྲོས་མོལ་དགོས་པ། བཙན་གནོན་འོག་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་སོགས་དོན་ཚན་བདུན་ཅན་གྱི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཡིག་ཆ་ཨང་ ༤ པ་དེ་བཞིན་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༢་་་༢༣ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་།
སྤྱི་འཐུས་རྒྱུན་ལས་ཀྱིས་ཆོས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་སྙན་སྒྲོན་བཅས་གནང་རྗེས།
སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བ་དང་།
དེར་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་རྒྱབ་སྐྱོར་གནང་སྟེ། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་འཛུགས་སོང་།
སྐབས་དེར་གཙོ་བོ་སྤྱི་འཐུས་རྣམ་པས་ས་རཱ་བོད་ཀྱི་མཐོ་སློབ་དང་། དགོན་སྡེ་གྲྭ་ཚང་ཁག་ནས་ཕྱི་རྒྱལ་ལ་སྡོད་མཁན་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་གནང་དང་གནས་མུས་ལ་བསྔགས་བརྗོད་དང་འབྲེལ་ཆོས་རིག་ལས་ཁུངས་ནས་དེ་དག་ལ་ལེགས་སོའི་ཕྱག་ཁྱེར་འབུལ་དགོས་པའི་སྐོར་དང་། ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་པའི་ཆོས་ཚོགས་ཁག་ལ་འབྲེལ་བ་གནང་ཕྱོགས། རིས་སུ་མ་མཆིས་པའི་བཙུན་དགོན་རྣམས་ནས་དགེ་བཤེས་མ་དང་། མཁན་མོ་སློབ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་འབུལ་ཕྱོགས། གཞིས་ཆགས་ཁག་ནང་ཆ་སྙོམས་ཀྱིས་ནང་ཆོས་ངོ་སྤྲོད་ཀྱི་ལས་གཞི་སྤེལ་དགོས་པ། ཉེ་ཆར་ཧི་མ་ཅལ་མངའ་སྡེའི་ནང་ཆར་ཞོད་བྱུང་སྐབས་མཚོ་པདྨའི་དབུ་རྩེ་རི་ཁྲོད་ཀྱི་བཙུན་མ་རྣམས་ལ་མཐུན་འགྱུར་རོགས་རམ་གནང་ཡོད་མེད། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞིའི་ཕན་ཐོགས་དང་མ་འོངས་པར་ཆོས་རིག་ལས་ཁུངས་ནས་དེའི་ཐོག་སྔར་ལྷག་ཚགས་ཚུད་དུ་གཏོང་དགོས་པ། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་རྩོམ་སྒྲིག་དང་། ཆོས་རིག་ལས་ཁུངས་ཀྱིས་པར་བསྐྲུན་གནང་བའི་སློབ་དེབ་བློ་གསལ་མགུལ་རྒྱན་གྱི་ཕན་རླབས་དང་། མུ་མཐུད་ཆོས་རིག་ལས་ཁུངས་ནས་དེའི་ཐོག་མཐུན་འགྱུར་ཞུ་དགོས་པ། བོད་ནས་རྗེས་འབྱོར་ཕེབས་པའི་གྲྭ་བཙུན་རྣམ་པའི་སློབ་ཡོན་དང་། དཔེ་ཁྲིད་དང་སྒོམ་ཁྲིད་དགེ་རྒན་རྣམ་པའི་མཚན་དོད་སོགས་སྤར་དགོས་སྐོར། ཆོས་རིག་ལས་ཁུངས་དང་། ཧོན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་ཐོག་བོད་མི་གཞོན་སྐྱེས་རྣམས་ལ་བོད་ཀྱི་སྐད་ཡིག་དང་། ནང་དོན་རིག་པའི་ཐོག་ཟླ་དྲུག་རིང་ཟབ་ཁྲིད་གནང་བཞིན་པའི་ལས་གཞིའི་ཕན་ཐོགས་སྐོར། བོད་ཀྱི་རིག་གཞུང་དང་བཟོ་རིག་སྒྱུ་རྩལ་བ་རྣམས་གསོ་སྐྱོང་དང་འབྲེལ། བརྙན་འཕྲིན་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ངོ་སྤྲོད་གནང་དགོས་པ། ནོར་བུ་གླིང་ཁའི་གནས་སྟངས་སྐོར། ཆོས་རིག་ལས་ཁུངས་ནས་ཆོས་ཚོགས་ཐེངས་དང་པོ་ནས་བཅུ་བཞི་བར་གྲོས་གཞི་གྲོས་ཆོད་རྣམས་ཕྱོགས་བསྒྲིགས་ཀྱིས་པར་སྐྲུན་དང་། དེ་བཞིན་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་ཀྱིས་པར་སྐྲུན་གནང་བ་བཅས་ལ་བསྔགས་བརྗོད་དང་མུ་མཐུད་ལས་གཞིའི་དེའི་ཐོག་ཤུགས་རྒྱག་དགོས་པ། མཁས་པའི་བགྲོ་གླེང་ནང་མི་སྣ་གདན་ཞུ་གནང་ཕྱོགས་སྐོར། ཞལ་འདོན་མཉེན་ཆས་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར། དཔལ་ལྡན་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་། སང་ཉིན་མུ་མཐུད་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས། །