སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་དགུ་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༤ ཉིན་གྱི་སྔ་དྲོ་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། ཉིན་རྒྱབ་ནས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོ་སྐྱོང་ཐོག་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་དགུ་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས་གཏན་འབེབས་དང་། རིམ་པས། འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། སྦེལ་ཀོབ་འཚོ་བྱེད་སྨན་ཁང་དང་། ལྡི་ལི་སྨན་ཁང་། བསུ་ན་མདའ་ས་གནས་འཕྲོད་བསྟེན་སྨན་ཁང་། མངོན་དགའ་སློབ་གྲྭ་བཅས་ཀྱི་ཟུར་བཀོལ་སྔོན་རྩིས། བལ་ཡུལ་སྣེ་ལེན་ཁང་གི་རྒྱུན་གྲོན་དང་། སོ་ན་ལི་སྣེ་ལེན་ཁང་གི་རྒྱུན་གྲོན། དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། སམ་བྷོ་ཊ་བོད་སློབ་ཚོགས་པའི་ཟུར་བཀོལ་སྔོན་རྩིས། ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། སྦེང་ལོར་ལྷོ་ཕྱོགས་གཞིས་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་བདུན་གྱི་ཟུར་བཀོལ་སྔོན་རྩིས་གྲོས་ཚོགས་ནས་གཏན་འབེབས་གནང་སོང་།

ཆོས་རིག་ལས་ཁུངས་དང་འབྲེལ་བའི་ལས་དོན་ཐོག་སྤྱི་འཐུས་རྣམ་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་སྐོར་དང་།  དགོན་པ་ཉམས་གསོ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་སྐོར། གྲྭ་བཙུན་སློབ་ཡོན་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་། འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བའི་ལས་དོན་ཐོག་སྤྱི་འཐུས་རྣམ་པས་བོད་ཀྱི་གསོ་བ་རིག་པའི་སྐོར་དང་། སྨན་བཅོས་ལྟ་སྐྱོང་ལས་གཞི། བོད་རིགས་རྩེད་འགྲན་ཚོགས་པ་དང་འབྲེལ་བའི་ལས་གཞིའི་སྐོར། ལས་བྱེད་ཟུར་པ་དང་། ཉམ་ཐག་གི་སྨན་བཅོས་དང་འབྲེལ་བའི་མཐུན་རྐྱེན། ལས་བྱེད་ཀྱི་ལུས་སྦྱོང་ཁང་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད། ཤེས་རིག་ལས་ཁུངས་དང་འབྲེལ་བའི་ལས་དོན་ཐོག་སྤྱི་འཐུས་རྣམ་པས་སམ་བྷོ་ཊ་བོད་སློབ་ཚོགས་པའི་སྐོར་དང་། མཐོ་སློབ་སློབ་ཡོན་དང་། སྨན་པའི་ཚུད་རྒྱུགས་ཆེད་བར་བཞག་ལོའི་སློབ་ཡོན། སློབ་གྲྭ་ཟླ་བསྒྲིལ་སྐོར། དཔེ་དེབ་དཔར་སྐྲུན་དང་འགྲེམས་སྤེལ་ལས་གཞི་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད།  ནང་སྲིད་དང་འབྲེལ་བའི་ལས་དོན་ཐོག་སྤྱི་འཐུས་རྣམ་པས་སུད་ཚོང་འབྲེལ་མཐུད་པའི་སྐོར་དང་། ཉམ་ཐག་ཞིབ་འཇུག་ལས་གཞི། མཚོ་པདྨའི་དབུ་རྩེ་རི་ཁྲོད་ཀྱི་ས་ཆའི་དཀའ་ངལ་སྐོར། རྒྱ་གར་གཞུང་གིས་ཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཐོག་བསྐྱར་ཞིབ་གནང་ཡོད་མེད། ལས་བྱེད་བགྲེས་ཤག་ཉམས་གསོའི་སྐོར། རྗེས་འབྱོར་བའི་སྡོད་ཁང་གསར་རྒྱག་ལས་གཞི་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །