སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བརྒྱད་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བརྒྱད་པ་ཚོགས་གནང་ཡོད།

དེ་ཉིན་ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་དང་། ཕྱི་དྲིལ་ཁྱབ་ཁོངས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩའི་ཟུར་བཀོལ་སྔོན་རྩིས། སུད་སི་སྐུ་ཚབ་དོན་གཅོད་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཨིན་ལེན་སྐུ་ཚབ་དོན་གཅོད་ཁང་གི་རྒྱུན་གྲོན་དང་། ཟུར་བཀོལ་སྔོན་རྩིས། ཨིན་ལེན་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་བོད་ཁང་ཐེབས་རྩའི་ཟུར་བཀོལ་སྔོན་རྩིས། ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱུན་གྲོན། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཨོ་སི་ཀྲོ་ལི་ཡ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་ཟུར་བཀོལ་སྔོན་རྩིས། ཉི་འོང་སྐུ་ཚབ་དོན་ཁང་གི་རྒྱུན་གྲོན་དང་། ཟུར་བཀོལ། ཉི་འོང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་བོད་ཁང་ཐེབས་རྩའི་ཟུར་བཀོལ་དང་། བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། རུ་སོག་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། པེ་རི་སི་བོད་ཁང་ཐེབས་རྩའི་ཟུར་བཀོལ་སྔོན་རྩིས། ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཐེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། ཟུར་བཀོལ་སྔོན་རྩིས། ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། རང་ཚོགས་ཁག་གི་རྒྱུན་གྲོན་དང་། དམིགས་བསལ། དབུས་འོས་བསྡུ་ལས་ཁང་གི་རྒྱུན་གྲོན། དམིགས་བསལ། ཟུར་བཀོལ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ། ལྷོ་ཕྱོགས་རྩིས་ཞིབ་ཡན་ལག་ལས་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁང་གི་རྒྱུན་གྲོན། དམིགས་བསལ། བདེ་སྐྱིད་གླིང་རྩིས་ཞིབ་ཡན་ལག་ལས་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། དཔལ་འབྱོར་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། དཔལ་འབྱོར་བོད་མིའི་བདེ་དོན་ལྷན་ཚོགས་ཀྱི་ཟུར་བཀོལ། དཔལ་འབྱོར་ཡིད་ཆེས་དགེ་རྩའི་ཟུར་བཀོལ། དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ཟུར་བཀོལ། ལས་བྱེད་གསོལ་ཚང་གི་དམིགས་བསལ་དང་། ཟུར་བཀོལ་བཅས་གྲོས་ཚོགས་ནས་གཏན་འབེབས་གནང་ཡོད།

དེ་བཞིན་ཁྲིམས་བཟོའི་ལས་དོན། བརྗོད་པ་གཉིས་པའི་ལས་རིམ་ཐོག གཞུང་འབྲེལ་ཡིག་ཆ་ཨང་ ༡༩ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས། དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཞེས་པའི་ནང་གསེས་ ༢ པའི་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་ཐབས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་ཟགས་པ་དང་། གཞུང་འབྲེལ་ཡིག་ཆ་ཨང་ ༢༠ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས། དོན་ཚན་ཉེར་ལྔ་པ། སྲིད་སྐྱོང་དང་། བཀའ་བློན་རྣམ་པའི་ལས་འཁུར་དམ་འཇོག་ཅེས་པ་དང་། དོན་ཚན་ཞེ་ལྔ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ་ཞེས་པའི་འི་ནང་གསེས་ ༢ པ། དོན་ཚན་ཞེ་བདུན་པ། སྤྱི་འཐུས་ཀྱི་དམ་འབུལ། དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཞེས་པའི་ནང་གསེས་ ༣ པ། དོན་ཚན་གོ་བདུན་པ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། འགན་དབང་ཞེས་པའི་ནང་གསེས་ ༢ པ། དོན་ཚན་བརྒྱ་དང་གཅིག འདེམས་བསྐོ་ལྷན་ཁང་གི་སྒྲིག་འཛུགས་ཞེས་པའི་ནང་གསེས་ ༣ པ། དོན་ཚན་བརྒྱ་དང་བདུན་པ། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྒྲིག་འཛུགས་ཞེས་པའི་ནང་གསེས་ ༢ པ་བཅས་ཀྱི་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་བརྗོད་པ་གཉིས་པའི་སྐབས། བཟོ་བཅོས་ཁྲིམས་འཆར་བསྣམས་པ་དང་། བཟོ་བཅོས་ཁྲིམས་འཆར་དེ་ཚུད་པའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུགས་པོ་གནང་རྗེས། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་ཐབས་བཟོ་བཅོས་ཁྲིམས་འཆར་དེ་ཟགས་སོང་།

ཡིག་ཆ་ཨང་ ༢༡ བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི། དོན་ཚན་ལྔ་པའི་ནང་གསེས་ ༡ པོ། དོན་ཚན་དྲུག་པའི་ནང་གསེས་ ༥ པ་དང་། ནང་གསེས་ ༦ པ། ནང་གསེས་ ༧ པ། དོན་ཚན་བདུན་པའི་ནང་གསེས་ ༡༢ པ། དོན་ཚན་དགུ་པའི་ནང་གསེས་ ༥ པ། ནང་གསེས་ ༨ པ། དོན་ཚན་བཅུ་གཉིས་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། ནང་གསེས་ ༤ པ། ནང་གསེས་ ༥ པ། ནང་གསེས་ ༧ པ། ནང་གསེས་ ༨ པ། ནང་གསེས་ ༩ པ། ནང་གསེས་ ༡༠ པ། ནང་གསེས་ ༡༡ པ། ཡིག་ཆ་ཨང་ ༢༢ བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། དོན་ཚན་དགུ་པ་བཅས་སྤྱི་མོས་ཐོག་གཏན་འབེབས་དང་། ཡིག་ཆ་ཨང་ ༢༣ བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག དོན་ཚན་བདུན་པའི་ནང་གསེས་ ༡ པོ་དང་། དོན་ཚན་བཅུ་པའི་ནང་གསེས་ ༡ པོ་བཅས་གཉིས་ཀྱི་ཐོག་བཟོ་བཅོས་བཅོས་ཁྲིམས་འཆར་བསྣམས་ཤིང་། དོན་ཚན་བདུན་པའི་ནང་གསེས་ ༡ པོར་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་དང་། དོན་ཚན་བཅུ་པའི་ནང་གསེས་ ༡ པོར་སྤྱི་མོས་ཐོག་གཏན་འབེབས་དང་། དེ་བཞིན་དོན་ཚན་བཅོ་བརྒྱད་པའི་ནང་གསེས་ ༢ པ་དང་། ནང་གསེས་ ༣ པ་བཅས་བརྗོད་པ་གཉིས་པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

དེ་བཞིན་ཡིག་ཆ་ཨང་ ༢༤ བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང༌། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་བརྒྱད་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ཡིག་ཆ་ཨང་ ༢༥ བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པའི་ནང་གསེས་ ༡ པོ་དང་། དོན་ཚན་བདུན་པའི་ནང་གསེས་ ༢ པ།  ཡིག་ཆ་ཨང་ ༢༦ བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ཕོགས་ཐོབ་དང༌། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་བརྒྱད་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ཡིག་ཆ་ཨང་ ༢༧ དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་བརྒྱད་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ཡིག་ཆ་ཨང་ ༢༨ འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་བརྒྱད་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ཡིག་ཆ་ཨང་ ༢༩ བཙན་བྱོལ་བོད་མིའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པའི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་བརྒྱད་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ་བཅས་ཀྱི་ཐོག་བརྗོད་པ་གཉིས་པའི་ཐོག་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་མ་ཐོབ་ཐབས་སྒྲིག་གཞི་བསྐྱར་བཅོས་ཀྱི་དེ་ཟགས་སོང་།