༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཚོགས་ཐུན་དང་པོའི་ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་།
ཚོགས་ཐུན་གཉིས་པ་ནས་བཞི་པ་བར་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་ལྔ་པ་ཚོགས་གནང་སོང་།
དེ་ཡང་ལས་རིམ་ལྟར། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། ཚོགས་དྲུང་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག ཚོགས་མི་སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག ཚོགས་མི་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག ཚོགས་མི་སྤྱི་འཐུས་བསྟན་འཛིན་ཆོས་འཛིན་མཆོག་བཅས་ཀྱིས་རིམ་པས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ པའི་སྙན་ཐོ་སྙན་སྒྲོན་གནང་བ་དང་། གོང་གསལ་སྙན་ཐོ་སྙན་སྒྲོན་ཟིན་པར་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་འགོ་བཙུགས་ཡོད་པ་བཅས། །