སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་བརྒྱད་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༧ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བཞི་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་བརྒྱད་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ཐོག་མར་ཡིག་ཆ་ཨང་། ༢༣ བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་ལྔ་པའི་ནང་གསེས་ ༡ པོ། ནང་གསེས་ ༢ པའི་ཀ་དང་། ཁ དོན་ཚན་དྲུག་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། དོན་ཚན་བདུན་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། དོན་ཚན་བརྒྱད་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། དོན་ཚན་དགུ་པའི་ནང་གསེས་ ༡ པོ་དང་། ནང་གསེས་ ༢ པ། ནང་གསེས་ ༣ པ། ནང་གསེས་ ༤ པ། ནང་གསེས་ ༥ པ། ནང་གསེས་ ༦ པ། དོན་ཚན་བཅུ་པའི་ནང་གསེས་ ༥ པ་དང་། ནང་གསེས་ ༦ པ། ནང་གསེས་ ༧ པ། དོན་ཚན་བཅུ་གཅིག་པའི་ནང་གསེས་ ༡ པོ། ནང་གསེས་ ༢ པ། ནང་གསེས་ ༣ པ། ནང་གསེས་ ༤ པ། ནང་གསེས་ ༥ པ། དོན་ཚན་བཅུ་གཉིས་པའི་ནང་གསེས་ནང་གསེས་ ༡ པོ་དང་། ནང་གསེས་ ༣ པ། ནང་གསེས་ ༤ པ། དོན་ཚན་བཅུ་གསུམ་པའི་ནང་གསེས་ ༢ པ། དོན་ཚན་བཅུ་བཞི་པའི་ནང་གསེས་ ༥ པ་བཅས་ཀྱི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་པ་དང་། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོ་དང་། དེ་རྗེས་བརྗོད་པ་གཉིས་པའི་ཐོག་ནས་རིམ་པས་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། མང་མོས་ཐོག་གཏན་འབེབས་གནང་སོང་།

དེ་རྗེས་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་དཔལ་འབྱོར་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་ལྷུགས་པོ་གནང་བ་དང་། སྐབས་དེར་སྤྱི་འཐུས་རྣམ་པས་གཙོ་བོ་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་འབུལ་བབ་དང་། གསར་བཟོའི་སྐོར་དང་། གདུང་སེམས་མཉམ་སྐྱེད་ཀྱི་ལས་འཆར་ལག་དེབ་སྔོན་པོའི་སྐོར་བཅས་ཀྱི་ཐོག་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཡོངས་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་བ་དང་།

ཚོགས་ཐུན་བཞི་པ་ནས་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡་་་༢༢ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་དང་། དེ་བཞིན་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་རྗེས།

ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་ཞིང་། སྐབས་དེར་གཙོ་བོ་སྤྱི་འཐུས་རྣམ་པས་སློབ་གྲྭ་ཁག་ནང་སློབ་ཕྲུག་རྣམས་ཀྱི་ཟས་བཅུད་ཐོག་ཐུགས་སྣང་དགོས་གལ་དང་། སློབ་གྲྭ་ཟླ་བསྒྲིལ་གནང་ཕྱོགས་སྐོར། དགོན་སྡེ་ཁག་གི་སློབ་གྲྭའི་ནང་བོད་ཡིག་སློབ་དེབ་བགོ་འགྲེམས་གནང་དགོས་པ། ཕྱི་རྒྱལ་ཁག་ལ་བོད་པའི་སློབ་གྲྭ་འཛུགས་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར། དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་བ་དང་།

དེ་རྗེས། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡་་་༢༢ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་།

སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་རྒྱབ་སྐྱོར་གནང་རྗེས།

བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་ཞིང་། སྐབས་དེར་གཙོ་བོ་སྤྱི་འཐུས་རྣམ་པས་ཨོ་སི་ཀྲོ་ལི་ཡར་བོད་མི་གཞིས་སྤོས་ལས་གཞིའི་སྐོར་དང་། སྐྱབས་བཅོལ་ལག་དེབ་མེད་མཁན་བོད་མི་རྣམས་ལ་སྐྱབས་བཅོལ་ལག་དེབ་གསར་བཟོ་གནང་དགོས་སྐོར། ༧གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་འགན་ཁུར་བཞེས་ཕྱོགས་ཐོག་སྔར་ལྷག་གཟབ་ནན་གནང་དགོས་སྐོར། ཕྱིར་ཐོན་ཆོག་མཆན་ (Exit Permit) ཞུ་ཕྱོགས། སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་ཕྱོགས་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་གནང་ཡོད་པ་བཅས། །

Menu