སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་བཞི་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༧ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བཞི་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་བཞི་པ་ཚོགས་གནང་སོང་།


དེ་ཡང་སྔ་དྲོ་ཐོག་མར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་ཨིན་ཡུལ་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་གཉིས་པ་ (Queen Elizabeth II) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་རྗེས། ཚང་མ་སྐུ་བཞེངས་ཐོག་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས་གནང་སོང་།

དེ་རྗེས་ཁྲིམས་བཟོའི་ལས་དོན་གྱི་བརྗོད་པ་དང་པོ་དང་གཉིས་པའི་ལས་རིམ་ཐོག ཡིག་ཆ་ཨང་། ༢༡ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། ཞེས་པའི་ནང་གསེས་ ༢ པའི་ “ག” ཡི་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྙན་སྒྲོན་གནང་བར།

དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་སྟེ། རིམ་བཞིན་བརྗོད་པ་དང་པོ་དང་གཉིས་པའི་ཐོག་བགྲོ་གླེང་གནང་འགོ་བཙུགས་གནང་བ་དང་། ཉིན་རྒྱབ་ཆུ་ཚོད་ ༡།༣༠ ནས་རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༩།༣༠ བར་གྲོས་ཚོགས་ཚོགས་གསེང་བཞག་གནང་ཡོད་པ་བཅས། །

 

Menu