སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་གསུམ་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༧ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བཞི་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་གསུམ་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་ཆོས་རིག་ལས་ཁུངས་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་དགོན་སྡེ་གང་དང་གང་གི་ནང་རྒྱ་ཡིག་དགེ་རྒན་ཡོད་མེད་སྐོར་དང་། དགོན་སྡེ་ཁག་ཇི་ཙམ་ལ་ཉམས་གསོའི་རོགས་སྐྱོར་གནང་ཡོད་མེད། ཧི་མཱ་ལ་ཡའི་གྲྭ་བཙུན་རྣམས་ཀྱི་ཆེད་མངའ་སྡེའི་གཞུང་སོ་སོ་ནས་དམིགས་བསལ་རོགས་དངུལ་ཐབས་ཤེས་ཞུ་ཐུབ་ཡོད་མེད། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་གལ་གནད་དང་། མ་འོངས་པར་གཞུང་ཆེན་རིགས་གཅིག་རྐང་འཛིན་ཐོན་པ་རྣམས་ཀྱིས་བྲིས་པའི་དཔྱད་རྩོམ་རྣམས་དེབ་གཟུགས་སུ་པར་བསྐྲུན་གནང་རྒྱུའི་མཐུན་འགྱུར་གནང་ཐབས། རྒས་གསོ་ཁང་གི་ནང་ཆོས་དགེ་གཏང་རྒྱུ་གལ་ཆེ་ཚུལ་སོགས་ཀྱི་དགོངས་ཚུལ་དང་། དོགས་འདྲི་གནང་བར། དཔལ་ལྡན་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་སོང་།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡་་་༢༢ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡་་་༢༢ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་སྙན་སྒྲོན་གནང་རྗེས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་རྒྱབ་སྐྱོར་གནང་བ་དང་སྦྲགས། ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་འཛུགས་ཤིང་། སྐབས་དེར་སྤྱི་འཐུས་རྣམ་པས་ཉམ་ཐག་ཞིབ་འཇུག་གི་ལས་དོན་ཞིབ་ཚགས་པོ་གནང་དགོས་པ་དང་། བོད་ནས་གསར་འབྱོར་བ་རྣམས་ལ་སྡོད་ཁང་གསར་རྒྱག་གནང་དགོས་པ། བཙན་བྱོལ་བོད་མིའི་མོ་འབོར་གྲངས་བཤེར་སོགས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་གནང་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་། སང་ཉིན་མུ་མཐུད་ནང་སྲིད་ལས་ཁུངས་ཀྱི་སྤྱི་ཡོངས་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས། །

Menu