སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་གཉིས་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༧ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བཞི་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་གཉིས་པ་ཚོགས་གནང་སོང་།


དེ་ཡང་སྔ་དྲོ་ཐོག་མར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བ་གནང་བར། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་དང་། དེ་རྗེས་སྤྱི་འཐུས་རྣམ་པས་འཕྲོས་དོན་དྲི་བ་བཅས་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།


ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡་་་༢༢ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་།

དེ་ནས་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་གིས་རྒྱབ་སྐྱོར་གནང་རྗེས། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་འཛུགས་ཤིང་།

སྐབས་དེར་གཙོ་བོ་སྤྱི་འཐུས་རྣམ་པས་ཆོས་རིག་ལས་ཁུངས་ནས་གཞིས་ཆགས་ཁག་ཏུ་ནང་ཆོས་ངོ་སྤྲོད་ཀྱི་ལས་གཞི་སྤེལ་བ་དང་། རིས་མེད་བགྲོ་གླེང་སོགས་གོ་སྒྲིག་ཞུས་པ་བཅས་ལ་བསྔགས་བརྗོད་དང་། དེ་བཞིན་མཚོ་པདྨའི་དབུ་རྩེ་རི་ཁྲོད་ཀྱི་བཙུན་མ་རྣམ་པའི་སྡོད་ཁང་གནས་སྟངས་དང་། ཆོས་རིག་ལས་ཁུངས་ནང་གསར་འཛུགས་གནང་བའི་རིག་གཞུང་ཚན་པའི་ལས་དོན་ཇི་བྱས་སྐོར། བོད་ནས་རྗེས་འབྱོར་ཕེབས་པའི་གྲྭ་བཙུན་རྣམ་པའི་སློབ་ཡོན་སྤར་དགོས་སྐོར། ཆོས་ཕྱོགས་ཀྱི་ལས་དོན་ཆེད་ཕྱི་རྒྱལ་ཁག་ཏུ་སྐྱོད་མཁན་གྲྭ་བཙུན་རྣམས་ལ་ཐོངས་མཆན་ཞུ་རྒྱུའི་ངོས་སྦྱོར་འབུལ་རྒྱུའི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར། དཔལ་ལྡན་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་། སང་ཉིན་མུ་མཐུད་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས། །