༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་དེའི་ཆིག་སྒྲིལ་གྱི་མཚོན་རྟགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་ལ་ཕེབས་མཁན་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཙོ་གཞོན་པ་དབུས་པའི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ལ་ཚོགས་གཙོའི་ངོས་ནས་ཐོག་མར་མཛའ་བརྩེ་ལྡན་པའི་ཐོག་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་སྔ་དྲོའི་ཆ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་པ་ཁག་ཅིག་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་བསྐལ་བ་བཟང་པོ་བྱུང་བ་དང་མཉམ་དུ། དེ་རིང་སྔ་དྲོ་གྲོས་ཚོགས་ཀྱི་ཚོགས་མི་ཚང་མས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གསེར་ཞལ་དངོས་སུ་མཇལ་རྒྱུ་བྱུང་བས་བསྐལ་བ་བཟང་པོ་བྱུང་བ་དང་། དེ་ག་ནང་བཞིན་༸སྐྱབས་མགོན་རིན་པོ་ཆེས་ད་དུང་དགུང་ལོ་བཅུ་ཕྲག་གཉིས་ལྷག་སྐུ་འཚོ་བཞུགས་ཡོང་བའི་ཡིད་ཆེས་དང་མཚན་མ་ཡོད་པ་བཀའ་གསལ་པོ་ཕེབས་ཡོད་པ་རེད། དེ་བཞིན་ཉེ་ཆར་ལྡི་ལིར་སྐུ་གཟུགས་བརྟག་དཔྱད་བྱེད་པའི་སྐབས་སུ་ཡིན་ནའང་། སྐུ་གཟུགས་འཕྲོད་བསྟེན་གྱི་གནས་བབ་ཧ་ཅང་ཡག་པོ་ཡོད་པ། དེ་འདྲའི་བཀའ་བཟང་པོ་ཕེབས་པ་དེར་ང་ཚོར་དགའ་ཚོར་ཆེན་པོ་བྱུང་། རྣམ་པ་ཚོ་དང་རྒྱ་ཆེའི་མང་ཚོགས་ཀྱིས་མཁྱེན་གྱི་ཡོད་རེད་དེ། ཡིན་ནའང་གལ་ཆེན་པོའི་ཐོག་ནས་གསལ་འདེབས་ཞུས་ན་བསམས་བྱུང་།
ཉེ་ཆར་ཕྱི་ཟླ་ ༩ ཚེས་ ༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཡོངས་ལ་མང་གཙོ་གསོལ་བསྩལ་གནང་ནས་དུན་དྲན་ཐེངས་ ༦༢ པ་ཚོགས་ཟིན་པ་རེད། དེ་ཡིན་དུས་ང་ཚོའི་ཆབ་སྲིད་ཀྱི་གནས་བབ་རེད། དེ་ག་ནང་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་ལ་གྲོས་ཚོགས་ཀྱི་གཏམ་བཤད་ནང་དུའང་གསལ་པོ་ཡོད་རེད། འཛིན་སྐྱོང་བཀའ་ཤག་གི་གཏམ་བཤད་ནང་དུའང་གསལ་པོ་འཁོད་བསྡད་ཡོད་རེད། དེ་རིང་འདིར་འཛོམས་པའི་གྲོས་ཚོགས་ཚོགས་མི་ཚང་མ་མི་མང་གིས་དངོས་སུ་འོས་འཕེན་པ་དང་། གྲོས་ཚོགས་བརྒྱུད་ནས། མི་མང་བརྒྱུད་ནས་ཟེར་ནའང་མི་འདུག དེ་འདྲའི་འགན་དབང་བསྐུར་བཞག་པ་ཤ་སྟག་ཆགས་བསྡད་ཡོད་པ་རེད། མདོར་ན་མི་མང་གིས་འོས་བསྡུ་བྱས་ནས་ཡོང་བ་ཞིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ང་ཚོའི་མང་གཙོའི་ལྟ་གྲུབ་ཐོག་ལ་ཡིད་ཆེས་དང་ངེས་པ་གང་ལ་གང་འཚམ་རྙེད་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྤྱིར་བཏང་མཛད་འཕྲིན་ནང་ནས་ཆོས་དང་། ཆབ་སྲིད། སྤྱི་ཚོགས་གནད་དོན་རེད། མཛད་འཕྲིན་རྒྱ་ཆེན་པོ་མང་པོ་ཞིག་ཡོད་པ་རེད། དེའི་ནང་ནས་འཛམ་གླིང་སྤྱི་ལའང་ཆབ་སྲིད་ཀྱི་ལམ་སྟོན་མང་པོ་ཡོད་པ་རེད། ལྷག་པར་དུ་བོད་མི་ཚོར་ཆབ་སྲིད་ཀྱི་ལམ་སྟོན། དེའི་ནང་ནས་ང་ཚོར་མང་གཙོ་གསོལ་བསྩལ་གནང་བ་དེ། ༸སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་སྔ་རྗེས་ཕེབས་ཡོད་པ་རེད། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་གཅིག་ཡིན་ཞེས་གསུང་བསྡད་པ་དེ། རྣམ་པ་ཚོ་ལའང་ངེས་ཤེས་སྐྱེས་ཡོད་རེད་བསམ་གྱི་ཡོད། དེ་འདྲའི་ལས་ཀ་ལས་པའི་བརྒྱུད་རིམ་ནས་ལྟ་ཡོང་དུས། ང་ཚོས་ཆབ་སྲིད་ཐོག་ནས་རྒྱབ་སྐྱོར་འཚོལ་དགོས་ཀྱི་ཡོད་ནའང་འདྲ་འདུག དེ་ག་ནང་བཞིན་དཔལ་འབྱོར་གནས་བབ་ཀྱི་ཐོག་ནས་རོགས་ཚོགས་འཚོལ་དགོས་ཀྱི་ཡོད་ནའང་འདྲ་འདུག འཐབ་རྩོད་ཀྱི་གནས་བབ་ཡིན་ནའང་འདྲ་འདུག ང་ཚོའི་སྒྲིག་འཛུགས་ཀྱི་གནས་བབ་ཡིན་ནའང་འདྲ། གང་ལྟར་མུ་མཐུད་གནས་ཐུབ་པའི་སྲོག་ཤིང་ལྟ་བུ་དེ། མང་གཙོ་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་འདུག སྤྱིར་བཏང་མང་གཙོའི་ནང་དུ་གྲོས་ཚོགས་ཀྱི་ལམ་ལུགས་ཟེར་བ་དང་། སྲིད་འཛིན་གྱི་ལམ་ལུགས་ཟེར་བ། དེ་ག་ནང་བཞིན་སྔོན་མའི་དུས་སུ་ཐད་ཀའི་མང་གཙོ་དང་། བརྒྱུད་ནས་མང་གཙོ་ཟེར་བ་འདྲ་པོ། བྱུང་རིམ་གྱི་ཐོག་ནས་འཆད་སྟངས་ཡོང་སྡོད་ཀྱི་འདུག ཡིན་ནའང་ང་ཚོ་སྐུ་ཚབ་ཀྱི་མང་གཙོ་ཆགས་བསྡད་ཡོད་པ་རེད། དེའི་ནང་ནས་གྲོས་ཚོགས་ཀྱི་ལམ་ལུགས་དང་། སྲིད་འཛིན་གྱི་ལམ་ལུགས་གཉིས་ཀྱི་ཐོག་ནས་ལེགས་ཆ་ཞིག་ཡོད་པ། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་སམ་མང་ཚོགས་ལ་བརྟེན་ནས་མང་གཙོའི་སྒྲོམ་གཞི་འདི་ཧ་ལས་པའི་ཡག་པོ་བྱུང་འདུག་བསམ་བསམ་གྱིས་ངེས་ཤེས་ཡོང་གི་འདུག དེ་འདྲའི་ཐོག་ནས་མང་གཙོའི་སྤྱི་ཚོགས་རེད། མང་གཙོའི་སྒྲིག་འཛུགས་ནང་དུ་ལྟ་གྲུབ་མི་འདྲ་བ་ཡོང་ཆོག་གི་ཡོད་རེད། ཡོང་རྒྱུར་སྡིངས་ཆ་སྐྲུན་དགོས་ཀྱི་ཡོད་པ་རེད། ཡིན་ནའང་སོ་སོའི་མི་རིགས་དང་རྒྱལ་ཁབ་ཐོག་ལ་སླེབ་ཡོང་དུས། ཆབ་སྲིད་ཚོགས་པ་མི་འདྲ་བ་ཡིན་ནའང་འདྲ་འདུག སྒེར་སོ་སོའི་ལྟ་གྲུབ་མི་འདྲ་བ་ཡིན་ནའང་འདྲ། ཚང་མས་མཉམ་དུ་ནུས་པ་སྤུང་ཐུབ་དགོས་པ། དེར་འཛམ་གླིང་གི་ཆབ་སྲིད་ཚང་མའི་ནང་ནས་གལ་ཆེན་པོ་རྩི་བཞིན་ཡོད་རེད། དེ་ནང་བཞིན་ང་ཚོས་ཁ་སང་གི་མང་གཙོ་དུས་ཆེན་གྱི་གསུང་བཤད་ནང་དུའང་བཀོད་ཡོད་པ་རེད། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོ་དེ། བཙན་བྱོལ་སྒྲིག་འཛུགས་འདི་ནུས་པ་ལྡན་པ་དང་ཚགས་ཚུད་ཡོང་རྒྱུ། བོད་ཀྱི་འཐབ་རྩོད་ཀྱི་ནུས་པ་དེ་ཉམས་མེད་དུ་མི་འགྲོ་བ། ལྷག་པར་དུ་བོད་མི་ཆིག་སྒྲིལ་གྱི་གནས་བབ་དེ་ཉམས་མེད་དུ་མི་འགྲོ་བ་དགོས་རྒྱུ་དེ། ང་ཚོ་བཙན་བྱོལ་གྱི་མང་གཙོའི་སྲོག་ཤིང་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། དེའི་གནས་བབ་མེད་པ་ཡིན་ན་མང་གཙོ་དེར་ང་ཚོས་ག་ཚོད་ཙམ་ཞིག་ལག་ལེན་བསྟར་ཐུབ་ཀྱི་ཡོད་མེད་ཐེ་ཚོམ་འདྲ་ཆགས་བསྡད་འདུག དེ་འདྲ་སོང་ཙང་མང་གཙོའི་ལྟ་གྲུབ་ཀྱི་གནས་བབ་དེ་ཚོ་རྒྱབ་ལྗོངས་ལ་བཞག་ནས། ང་ཚོའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཡིན་ནའང་འདྲ་འདུག དེ་ག་ནང་བཞིན་རྒྱ་ཆེའི་མང་ཚོགས་ཡིན་ནའང་འདྲ་འདུག དེ་ཚོའི་སློབ་སྦྱོང་ཟེར་ནའང་མི་འདུག དེ་ཚོར་དུས་རྒྱུན་དུ་ཐུགས་སྣང་གནང་རྒྱུ་གལ་ཆེན་པོ་རེད་འདུག དང་པོ་འདི་གཅིག་ཞུ་འདོད་བྱུང་།
དེ་བཞིན་ང་ཚོའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་རེད། ང་ཚོའི་ཕྱག་ལས་གནང་ཕྱོགས་ཀྱི་བརྒྱུད་རིམ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད། གང་ལྟར་རྩ་དོན་འཐབ་རྩོད་བྱ་རྒྱུའི་སྒྲིག་འཛུགས་ཤིག་ཆགས་བསྡད་ཡོད་པ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུའང་འགན་དབང་གལ་ཆེ་ཤོས་དེ། བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་བདེ་ཐབས་བྱ་རྒྱུ། དེ་ནས་གཞིས་ལུས་བོད་མི་ཚོའི་དཀའ་ངལ་ལས་སྐྱོབ་ཐབས་བྱ་རྒྱུ། དེ་བཞིན་བོད་ཀྱི་ཁོར་ཡུག་དང་དེ་འདྲའི་གནས་བབ་མང་པོ་ཞིག་གི་འགན་དབང་བསྐུར་ཡོད་པ་རེད། དེ་ཡིན་དུས་ང་ཚོས་འཐབ་རྩོད་བྱ་རྒྱུའི་དམིགས་ས་དེ། རྒྱ་ནག་གཞུང་གི་གནས་བབ་དེ་ཆགས་བསྡད་ཡོད་པ་རེད། ད་ལྟའི་ཆར་མཚོན་ན་རྒྱ་ནག་ཏུ་སྤྱི་ཡོངས་ཀྱི་ཆབ་སྲིད་ཀྱི་འགལ་འདུ་ཟེར་ནའང་མི་འདུག ཆབ་སྲིད་ཀྱི་བསམ་བློའི་ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་གསལ་པོ་འདྲ་ཞིག་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་དང་། བསམ་ཚུལ་མི་འདྲ་བ་ཡོད་པ་ཙམ་གྱིས་རྒྱ་ནག་ནང་གི་གནས་བབ་དེེར་འགྱུར་བ་ཇི་ཙམ་འགྲོ་ཡི་ཡོད་རེད་ཟེར་བ་དེར། སུ་གཅིག་གིས་ཀྱང་ཞུ་ཚོད་ཐིག་གི་ཡོད་པ་མ་རེད། མུ་མཐུད་མཁྲེགས་བཟུང་གི་རྣམ་པ་དེ་ཐོན་གྱི་ཡོད་པ་རེད། རིང་མིན་ཕྱི་ཟླ་ ༡༠ ཚེས་ ༡༦ ནས་རྒྱ་ནག་གི་ཚོགས་ཆེན་འཚོགས་རྒྱུར་གཏན་འཁེལ་བསྡད་ཡོད་པ་རེད། དེའི་ཐོག་ནས་ད་ལྟའི་འགོ་ཁྲིད་དེ་ཚོ་ག་ཚོད་གནས་ཀྱི་རེད་དམ་མ་རེད། ལྷག་པར་དུ་ད་ལྟའི་སྲིད་འཛིན་ཞི་ཅིང་ཕིན་གྱི་ལས་ཡུན་དེ་མུ་མཐུད་གནས་ཀྱི་ཡོད་པ་ཞིག།དཔྱད་ཞིབ་གནང་མཁན་ཚོས་ཐག་བཅད་ནས་གསུང་གི་ཡོད་པ་རེད། དེའི་གནས་བབ་ཐོག་ནས་རྒྱ་ནག་གི་སྲིད་བྱུས་ཟེར་བ་དེ། ང་ཚོའི་ངོས་འཛིན་བྱེད་ཕྱོགས་དེར་མཁྲེགས་བཟུང་གི་རྣམ་པ་དེ་མུ་མཐུད་འགྲོ་རྒྱུ་རེད་དམ་མ་རེད། དེ་ག་ནང་བཞིན་བོད་ཀྱི་གནས་བབ་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ག་ཚོད་འགྲོ་ཡི་རེད་ཟེར་བ་དེ། དྲི་བ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ག་ནང་བཞིན་སྲིད་འཛིན་ཞི་ཅིང་ཕིན་གྱིས་འདས་པའི་ལོ་ ༡༠ ནང་དུ་རྒྱ་ནག་ནང་གི་སྲིད་བྱུས་དེ་གང་འདྲ་བསྐྲུན་ཡོད་པ་རེད། ལྷག་པར་དུ་རྒྱ་ནག་གི་བཙན་བཟུང་འོག་ལ་ཡོད་པའི། བོད་མཚོན་པ་དེ་ཚོའི་གནས་བབ་གང་འདྲ་ངོས་འཛིན་བྱེད་ཀྱི་ཡོད་རེད་ཟེར་བ་དེ། ད་ལྟ་གནས་སྟངས་གང་ལ་གང་འཚམ་གསལ་པོ་ཆགས་བསྡད་ཡོད་རེད། འདི་ལྟར་མུ་མཐུད་ཕྱིན་པ་ཡིན་ན། དེ་དང་མཐུན་པའི་ང་ཚོའི་ངོས་ནས་གདོང་ལེན་བྱེད་ཕྱོགས་གང་འདྲ་དགོས་ཀྱི་འདུག འཆར་གཞི་གང་འདྲ་འདིང་དགོས་ཀྱི་འདུག ཚང་མས་བྱེད་སྒོ་དེ་གང་འདྲ་གནང་དགོས་ཀྱི་འདུག་ཟེར་བ་དེར་ང་ཚོས་བསམ་བློ་གཏོང་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་རེད། རྒྱ་ནག་གི་སྲིད་བྱུས་དེའི་ཐོག་ནས་བོད་ནང་དུ་བོད་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ ༧ པ་དེ་ཕྱི་ལོ་ ༢༠༢༠ ལོར་ཚོགས་འདུག དེའི་ཐོག་ནས་བོད་ནང་དུ་རྒྱ་ནག་གི་ལས་འཆར་གསར་པ་ག་རེ་ཡོང་གི་ཡོད་དམ་མེད། བོད་ཀྱི་བཞུགས་མོལ་ཚོགས་འདུ་དེ་ཚོའི་ཐོག་ནས་གང་ལ་གང་འཚམ་དབྱེ་ཞིབ་གནང་གི་འདུག དེའི་ཐོག་ནས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའམ་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ། དེས་མཚོན་པའི་སྲིད་བྱུས་དེ་ཚོས་ཤུགས་གནོན་ཆེ་རུ་འགྲོ་ཡི་ཡོད་པ། ལས་འགུལ་འདྲ་མང་དུ་སྤེལ་བསྡད་པའི་གནས་སྟངས་ཆགས་བསྡད་འདུག དེའི་རྗེས་ལ་སྲིད་འཛིན་ཞི་ཅིང་ཕིན་ཕྱི་ལོ་ ༢༠༢༠ ཟླ་ ༨ པའི་ནང་དུ་ལྷ་སར་ཕེབས་པ་རེད། ཀྲུང་ཧྭ་མི་མང་སྤྱི་མཐུན་འདུས་གྲུབ་ཟེར་བ་དེ། མི་རིགས་མཉམ་བསྲེས་བྱ་རྒྱུའི་ལྟ་གྲུབ་ཤུགས་ཆེན་པོ་ཞིག་བསླེབ་ཡོང་གི་འདུག དེའི་ཐོག་ནས་བོད་ནང་གི་འགོ་ཁྲིད་དེ་ཚོས་བཀའ་མོལ་གསུང་ཡོང་དུས། དང་པོ་ཆབ་སྲིད་ཀྱི་རྒྱབ་ལྗོངས་བཙལ་ནས་གྲོང་ཁྱེར་རེད། ལྷག་པར་དུ་གྲོང་གསེབ་ནང་དུ་འདི་ལག་ལེན་བསྟར་ནས། གང་ལྟར་འདིའི་ཐོག་ནས་བོད་ཀྱི་བཞུགས་མོལ་ཚོགས་འདུ་དང་། སྲིད་འཛིན་ཞི་ཅིང་ཕིན་ལྷ་སར་ཕེབས་པའི་གནས་སྟངས་ལ་ལྟ་ཡོང་དུས། བོད་ཀྱི་རིག་གཞུང་དང་། བོད་མི་རིགས་ཟེར་བ་དེ། ཁ་ཐུག་ཞུས་པ་ཡིན་ན་རྩ་མེད་དང་རྨེག་མེད་གཏང་རྒྱུའི་བསམ་བློ་ཞིག་ཡོད་པ། དེ་ལའང་འཆར་གཞི་དང་དམིགས་ཡུལ་ཡོད་པའི་ཐོག་ནས་ལས་འཆར་འདིང་བསྡད་པ་འདྲ་པོ་ཞིག དེ་འདྲ་ཞིག་ངོས་འཛིན་བྱས་པ་ཡིན་ན་ཕལ་ཆེར་ཞུ་མ་ཐུབ་པའི་གནས་སྟངས་མི་འདུག དེ་ཡིན་དུས་རྒྱ་ནག་གི་སྲིད་བྱུས་བརྒྱུད་ནས་བོད་ནང་གི་སྲིད་བྱུས་ང་ཚོའི་ངོས་འཛིན་བྱེད་སྟངས་འདི་འདྲ་ཞིག་ཡོང་བསྡད་པའི་གནས་སྟངས་ཤིག་ཆགས་བསྡད་འདུག འདི་སྙན་སྒྲོན་ཞུས་ན་བསམས་བྱུང་།
དེ་ག་ནང་བཞིན་བོད་ནང་གི་གནས་སྟངས་རེད། ད་ལྟའི་ཆར་བོད་ནང་དུ་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ། ང་ཚོར་བརྒྱུད་ལམ་ཁག་ནས་ཤེས་རྟོགས་ཡོང་གི་འདུག དེ་བཞིན་མདོ་སྟོད་སྨད་ལ་ས་ཡོམ་དང་ཆུ་ལོག་གི་གནས་སྟངས་རྐྱེན་པས་མི་མང་པོ་ཞིག་རྐྱེན་འདས་སོང་བ་དང་། རིགས་གཅིག་དཀའ་ངལ་འོག་ཏུ་ཚུད་བསྡད་པ། ད་དུང་འཆི་གསོན་གྱི་གནས་སྟངས་ཆ་ཚང་རྟོགས་མ་ཐུབ་པའི་གནས་སྟངས་མང་པོ་ཆགས་བསྡད་འདུག དེ་ཡིན་དུས་ད་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་ཐུགས་སྨོན་གནང་བ་ནང་བཞིན། བོད་ནང་གི་ནད་ཡམས་རེད། ས་ཡོམ་དང་ཆུ་ལོག་འོག་དཀའ་ངལ་འཕྲད་པ་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། མི་རིང་བར་དཀའ་ངལ་དེ་ལས་ཐར་ཐུབ་པའི་ཐུགས་སྨོན་གནང་ཐུབ་དགོས་པ་དེ་གལ་ཆེན་པོ་ཞིག་རེད་འདུག དེ་བཞིན་བོད་ནང་དུ་ཆབ་སྲིད་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ནའང་ཧ་ཅང་གིས་མངོན་པར་གསལ་བ་དང་། མངོན་པར་མི་གསལ་བའི་ཐོག་ནས་ཧ་ཅང་དཀའ་ངལ་ཡོད་པ་རྟོགས་ཐུབ་ཀྱི་འདུག དེ་ཡིན་དུས་བོད་ནང་དུ་རྒྱ་ནག་གི་ནུབ་རྒྱུད་ཀྱི་འཆར་གཞི་ཟེར་ནས། རྒྱ་ནག་ཞིང་ཆེན་གྱི་མཐོ་སློབ་དེ་འདྲ་ནས་དང་བླངས་ཕེབས་ནས། ཕྱི་ལོ་ ༢༠༢༢ ཟེར་དུས་ནུབ་རྒྱུད་ཀྱི་འཆར་གཞི་དེར་ལོ་ ༡༩ ཆགས་ཀྱི་ཡོད་པ་རེད། དུས་ཚོད་འདིའི་ནང་དུ་མི་འབུམ་བཞི་ལྷག་ཅིག་བོད་དང་ཤིན་ཅང་ས་ཆ་དེ་ཚོར་བསྐྱོད་པ། ཕྱི་ལོ་ ༢༠༢༢ ལོར་མི་གྲངས་ ༣༠,༠༠༠ ལྷག་ཡར་ཕེབས་རྒྱུ་ཡིན་པ། དེའང་གྲོང་གསེབ་ཁག་ལ་ཕྱིན་ནས་བསམ་བློའི་སློབ་གསོ་སྤྲད་རྒྱུའི་ཐོག་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་རེད། སྐད་ཡིག་རང་དབང་གི་གནས་བབ་རེད། ཆོས་དད་རང་དབང་གི་གནས་བབ་རེད། དེ་ག་ནང་བཞིན་འགྲོ་འོང་གི་ཐོབ་ཐང་རེད། དེ་ཚོ་ཚང་མར་ཧ་ཅང་ཛ་དྲག་ཆེ་རུ་ཕྱིན་པའི་གནས་སྟངས་ཆགས་བསྡད་འདུག དེ་གཞིར་བཟུང་ང་ཚོའི་ངོས་ནས་གདོང་ལེན་བྱེད་ཕྱོགས་དང་། འཆར་གཞི་འདོན་ཕྱོགས་དེའང་དེ་ནང་བཞིན་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་རེད་འདུག ཚིག་ཉུང་བའི་ཐོག་ནས་དེ་འདྲ་ཞིག་ཞུས་ན་བསམས་བྱུང་།
ཕྱི་ལོ ༢༠༢༢ ཟླ་ ༦ པའི་ནང་དུ་གཙོ་བོ་གྲོས་ཚོགས་ཀྱིས་འགན་འཁུར་ནས་ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པ་དེ་སྐོང་ཚོགས་ཐུབ་པ་རེད། སྐབས་དེ་དུས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་གནང་ཡོད་པ། དེ་ག་ནང་བཞིན་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་དབུ་འབྱེད་ལ་དངོས་སུ་ཕེབས་པ་དང་། རྒྱལ་ཁབ་ཁག་ ༢༨ ཙམ་ནས་གྲོས་ཚོགས་འཐུས་མི་དངོས་སུ་ཕེབས་པ་དང་དྲ་རྒྱའི་བརྒྱུད་ནས་མཉམ་ཞུགས་གནང་ཐུབ་པ་བྱུང་ཡོད། ཚོགས་ཆེན་ཉིན་གྲངས་ ༢ རིང་ལ་བོད་དོན་ཐོག་གསུང་བཤད་གནང་རྒྱུ་དང་། དེ་འདྲའི་ཐོག་ནས་མཐའ་མར་ང་ཚོས་བསྒྲགས་གཏམ་སྤེལ་རྒྱུ་རེད། ལས་འཆར་སྤེལ་རྒྱུ་རེད། དེ་ཚོ་ཧ་ལས་པའི་ཡག་པོ་བྱུང་ཡོད་པ་རེད། རྒྱ་ནག་གིས་བོད་ཀྱི་གནད་དོན་ཟེར་ཡོང་དུས། རྒྱ་ནག་ནང་གི་གནས་ཚུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ང་ཚོས་རྒྱལ་སྤྱིའི་གནས་བབ་ཐོག་ནས་ལྟ་ཡོང་དུས། བོད་དོན་དེ་རྒྱལ་སྤྱིའི་ངོ་བོ་ལ་འགྱུར་བསྡད་པའི་གནས་སྟངས་དེ་གསལ་པོ་འདྲ་ཞིག་བྱུང་བ་རེད་བསམ་གྱི་འདུག འདས་པའི་ལོ་ ༦༠ ནང་དུ་སྐུ་ལས་བསྐྱོན་པའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། དེ་ག་ནང་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་རེད། དངོས་སུ་འགན་འཁུར་མཁན་བཀའ་ཤག་དང་། གྲོས་ཚོགས་རེད། ས་གནས་ས་ཐོག་གི་སྒྲིག་འཛུགས་ཚང་མས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་ལས་དོན་དེ་ཧ་ཅང་ཡག་པོ་བྱུང་སོང་ཞུ་རྒྱུ་ཡིན། དེའི་ཐོག་ལ་བཀའ་ཤག་གིས་མཐུན་འགྱུར་གནང་བ་དང་། ཨ་རི་དོན་གཅོད་ལས་ཁུངས་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་རེད། ཚང་མས་མཉམ་རུབ་ཐོག་ནས་མཐུན་འགྱུར་ཡག་པོ་གནང་སོང་། དེ་འདྲ་ཡིན་དུས་དེ་རིང་འདི་བརྒྱུད་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
དེ་རིང་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་རིམ་སྙན་སྒྲོན་ཞུས་པ་ཡིན་ན། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་གྲངས་ ༣ ཡོད། དང་པོ་དེ་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༧ ཉིན་རྔ་བ་ཀིརྟི་དགོན་པའི་ཉེ་འགྲམ་དུ་རྒྱ་གཞུང་ཉེན་རྟོག་ལས་ཁུངས་མདུན་དུ་བཀྲ་ཕུན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་གནང་ནས། དེའི་རྗེས་སུ་རྒྱ་གཞུང་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པ། དེ་རྗེས་སུ་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་རེད། ཁོང་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག་དང་།
དེ་ག་ནང་བཞིན་སྤྱི་ཟུར་བྱར་གསང་གླིང་ཚེ་དབང་རྣམ་རྒྱལ་འདས་གྲོངས་སུ་གྱུར་འདུག རྩ་བའི་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༣ ལ་འདས་གྲོངས་སུ་གྱུར་འདུག་སྟེ། ཡིན་ནའང་། ང་ཚོས་གྲོས་ཚོགས་ཐེངས་འགའ་ཤས་ཚོགས་ཚར་བ་རེད། དེ་བར་དུ་ཤེས་རྟོགས་མ་བྱུང་ནས་ལྷག་པ་རེད། ཉེ་ཆར་འབྲེལ་ཡོད་བརྒྱུད་ཤེས་རྟོགས་བྱུང་ཡོད་དུས། ང་ཚོས་གཅིག་མཚུངས་འདྲ་ཞིག་བྱས་ནས། ཁོང་ཨ་རིའི་གྲོང་ཁྱེར་མེ་ཌི་སོན་དུ་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༣ ལ་དགུངས་གྲངས་ ༨༤ ཐོག་སྐུ་ཚེའི་འཕེན་པ་རྫོགས་འདུག ཁོང་ལ་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག་འཁུར་ཡོད།
དེ་ག་ནང་བཞིན་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་བློས་ཐུབ་ཟེར་ནའང་ཕལ་ཆེར་འགྲིག་གི་རེད་བསམ་གྱི་འདུག དེ་ཡིན་དུས་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༨ ཉིན་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་ (Shinzo Abe) མཆོག་གིས་འོས་བསྡུ་དྲིལ་བསྒྲགས་གནང་བའི་སྐབས་སུ་ཡུལ་མི་ཞིག་གིས་མེ་མདའ་བརྒྱབ་པའི་རྐྱེན་གྱིས་སྐུ་ཚེའི་འཕེན་པ་རྫོགས་ཡོད་པ་རེད། ཁོང་ལའང་གྲོས་ཚོགས་ཀྱི་ཐོག་ནས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག་འཁུར་ཡོད།
དེའི་རྗེས་སུ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་དེ་རེད། འདི་ང་ཚོས་ཕྱི་ལོ་ ༢༠༠༨ ནས་བཟུང་ད་བར་བོད་ནང་གི་ཛ་དྲག་གནས་སྟངས་དེ་མུ་མཐུད་གནས་བསྡད་ཡོད་པ་རེད། དེར་ང་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཅིག་ཁུར་ནས། དེའི་ནང་དུ་ཆབ་སྲིད་ཀྱི་གནས་བབ་མང་པོ་ཞིག་སླེབ་ཀྱི་ཡོད་པ་རེད། དེའི་ཐོག་ལ་སྤྱི་འཐུས་རྣམ་པའི་དགོངས་ཚུལ་རེད། འཛིན་སྐྱོང་བཀའ་ཤག་གི་དགོངས་ཚུལ་རེད། དེ་འདྲའི་ཐོག་ནས་ང་ཚོས་བཞེས་ཕྱོགས་གང་འདྲ་གནང་དགོས་ཀྱི་ཡོད་པ་གང་ལ་གང་འཚམ་གསལ་པོ་ཡོང་གི་ཡོད་པ་རེད། དེ་ཡིན་དུས་ཡིག་ཆ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད།
བཅའ་ཁྲིམས་དང་ཁྲིམས་སྒྲིག་བསྐྱར་བཅོས་རིགས་གཅིག་ཕེབས་ཀྱི་ཡོད་པ་རེད། དེ་དངོས་སུ་ལས་རིམ་ནང་དུ་བཅུག་ཡོད་དུས་རྣམ་པ་ཚོས་མཁྱེན་གྱི་རེད། དེ་ཡིན་དུས་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཅིག་ཡོད།
དེ་ནས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཇི་ཆགས་རྟོག་ཞིབ་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་དེའང་དེ་རིང་གི་གྲོས་ཚོགས་ནང་དུ་བསླེབ་ཀྱི་ཡོད་པ་རེད།
གྲོས་ཚོགས་ཀྱི་ལས་ཉིན་མང་བ་དེ་ལྷན་ཁང་ཁག་གི་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་ ༢༠༢༡༌༌༌༢༢ ལོའི་ལས་བསྡོམས་སྙིང་བསྡུས་དང་། ལྷན་ཁང་གི་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་འཇུག་ཞུས་པའི་སྙན་ཐོ་གྲོས་ཚོགས་ནང་དུ་བསླེབ་ཀྱི་ཡོད་པ་རེད། དེའི་ཐོག་ལ་བགྲོ་གླེང་དང་། ལན་འདེབས་གསལ་བཤད་ཕེབས་རྒྱུ་རེད། དེ་བཞིན་སྐར་རྟགས་ཅན་གྱི་དྲི་བ་རེད། གཞུང་འབྲེལ་གྱི་གྲོས་ཆོད་རིགས་གཅིག་བསླེབ་ཀྱི་ཡོད་པ་རེད། གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་དགུའི་ལས་རིམ་རགས་ཟིན་འདི་འདྲ་ཡོང་གི་ཡོད་ཅེས་སྙན་སེང་ཞུ་རྒྱུ་ཡིན།
ལས་རིམ་ནང་དུ་ཆ་ཤས་བཞེས་པའི་སྐབས་སུ་བཀུར་འོས་སྤྱི་འཐུས་རྣམ་པ་མང་པོ་ཞིག་གིས་གྲོས་ཚོགས་ཚོགས་དུས་མང་པོ་ཞིག་ཚོགས་ཚར་བ་རེད། རིགས་གཅིག་གྲོས་ཚོགས་ཚོགས་མི་རྙིང་པ་ཆགས་བསྡད་ཡོད་པ་རེད། དེ་ག་ནང་བཞིན་འཛིན་སྐྱོང་གི་དཔལ་ལྡན་སྲིད་སྐྱོང་མཆོག་རེད། བཀའ་བློན་རྣམ་པ་རེད། ཚང་མ་རྒྱུས་མངའ་ཆ་ཚང་ཡོད་མཁན་ཆགས་སྡོད་དུས། གྲོས་ཚོགས་ཀྱི་ལས་རིམ་ནང་དུ་ཆ་ཤས་བཞེས་ཡོང་དུས། གཙོ་བོ་གོང་དུ་ཞུས་པ་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་བ་ནང་བཞིན་ལྷག་བསམ་དང་སེམས་ཤུགས་ཐོག་ནས། བོད་སྤྱི་པ་དང་བོད་ཀྱི་རྩ་དོན་ལ་ཐུགས་ཕན་གསོ་བའི་བསམ་ཚུལ་སྤུང་ཐུབ་རྒྱུ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་འདུག མཚམས་རེ་སྒེར་སོ་སོའི་ཚོར་བར་འགྲོ་ཡོང་དུས་གྲོས་ཚོགས་ཀྱི་ལས་རིམ་ལའང་བར་ཆད་ཆགས་རྒྱུ། དེ་ག་ནང་བཞིན་སྤྱི་ཚོགས་ནང་དུ་གོ་བརྡ་ལོག་པ་ཕྱིན་མི་སྲིད་པ་ཆགས་ཀྱི་མེད་དུས། ཚང་མས་ལྷག་བསམ་རྣམ་དག་ཐོག་ནས་འགན་འཁུར་བཞེས་ནས། བགྲོ་གླེང་དང་། གསལ་བཤད་ལན་འདེབས་རེད། ཆ་ཤས་བཞེས་ཕྱོགས་དེ་ཚོ་སྤྱི་པའི་ལས་དོན་ཐོག་བསམ་བློ་བསླེབ་ཐུབ་པར་དགོངས་པ་རྒྱ་ཆེ་ས་ནས་བཞེས་རོགས་གྱིས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།
དེ་བཞིན་ལས་རིམ་རྣམ་གཞག་གདོན་རྒྱུ་དེ་རྒྱུན་ལྡན་འདྲ་ཆགས་བསྡད་འདུག ལས་རིམ་རྣམ་གཞག་འདོན་ཡོང་དུས་ཁྲིམས་སྒྲིག་ནང་དུ་གང་འཁོད་ཡོད་པ་གཞིར་བཟུང་ཕེབས་ཐུབ་པ་ཡིན་ན། དེར་དཀའ་ངལ་གང་ཡང་མི་འདུག ཁྲིམས་མཐུན་གཞིར་བཟུང་ཕེབས་མ་ཐུབ་པ་ཡིན་ན་གྲོས་ཚོགས་ཀྱི་ལས་རིམ་ལའང་བར་ཆད་ཆགས་ཀྱི་འདུག མཚམས་རེ་ཚོགས་གཙོའི་གཙོ་སྐྱོང་བྱེད་ཕྱོགས་ལའང་བསམ་བློ་མང་པོ་གཏོང་དགོས་པའི་གནས་སྟངས་ཆགས་ཀྱི་འདུག ཁྲིམས་སྒྲིག་གཞིར་བཟུང་ཕེབས་པ་ཡིན་ན་ཕྱོགས་ཚང་མ་ནས་དཀའ་ངལ་གང་ཡང་ཡོང་གི་ཡོད་པ་མ་རེད། ཏག་ཏག་འགྲོ་ཐུབ་པའི་གནས་བབ་ཡོང་གི་རེད་ཞུ་རྒྱུ་ཡིན།
དེ་རིང་གྲོས་ཚོགས་ཚོགས་དུས་འདིའི་ཐོག་ལ་སྤྱི་འཐུས་གཅིག་གྲོས་ཚོགས་ཆ་ཚང་དགོངས་པ་ཞུས་སོང་། སྤྱི་འཐུས་གཉིས་ཙམ་གྱིས་ཉིན་གྲངས་ ༤ དང་ ༣ རིང་དགོངས་ཤོག་གནང་སོང་། དེ་མ་ཡིན་པའི་བཀུར་འོས་སྤྱི་འཐུས་ཚང་མ་དེ་རིང་ཕེབས་ཐུབ་ཡོད་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། གྲོས་ཚོགས་ཀྱི་ལས་ཉིན་དགུ་དེ་ཚགས་ཚུད་པོ་དང་དོན་སྨིན་ལྡན་པ་ཡོང་བར་ཚང་མས་ཐུགས་སྨོན་དང་། འགན་འཁུར་བཞེས་རོགས་གནང་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ།