སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་ལས་ཉིན་དགུའི་རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དབུ་འཛུགས་གནང་སོང་།

དེ་ཡང་ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་དཔལ་ལྡན་བཀའ་བློན་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སོང་།

དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་དགུ་པ་དང་། བཅུ་དྲུག་གཞིར་བཟུང་། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་གྲུབ་མཚམས།

སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་རང་ལུས་མེར་བསྲེགས་ཕུལ་མཁན་རྒྱལ་གཅེས་པ་བཀྲ་ཕུན་ལགས་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་བ་དང་།

སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་བོད་མི་མང་སྤྱི་འཐུས་ཟུར་པ་བྱར་གསང་གླིང་ཚེ་དབང་རྣམ་རྒྱལ་མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་ (Shinzo Abe) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཅས་བཏོན་གནང་རྗེས། ཚང་མ་སྐུ་བཞེངས་ཐོག་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས་གནང་སོང་།

ད་རེས་ཀྱི་གྲོས་ཚོགས་ནང་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁྱོན་ ༣ ཡོད་ཅིང་། དེ་ཡང་གྲོས་ཆོད་གྲོས་འཆར་ནང་བོད་དོན་ཆེད་རང་ལུས་མེར་བསྲེགས་ཕུལ་མཁན་རྒྱལ་གཅེས་པ་ ༡ དང་། སྤྱི་ཟུར་ ༡། ཕྱིའི་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་བ་གནད་ཡོད་མི་སྣ་ ༡ བཅས་ཡོད།

དེ་ནས་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་གནང་བ་དང་། སང་ཉིན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་ལས་བསྡོམས་སྙན་སྒྲོན་དང་། ཞིབ་བཤེར་ལས་དོན་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་བཅས། །