༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གསུམ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་མཐའ་མ་ཚོགས་གནང་ཡོད།
ཚོགས་ཐུན་གཉིས་པ་ནས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་མུ་མཐུད་ནང་སྲིད་དང་། ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་ལས་དོན་ཐོག་བགྲོ་གླེང་གནང་བ་དང་།
དེ་རྗེས་ཡིག་ཆ་ཨང་ ༢༥ པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་གཙོ་བོ་རྩིས་ལོ་ ༢༠༡༨་་་༡༩ ལོའི་རྩིས་ཞིབ་སྙན་ཐོར་ཞིབ་འཇུག་བྱེད་ཆེད་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ པ་བསྐོ་འཛུགས་གནང་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་བཏོན་གནང་བར། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་དང་།
རིམ་པས། ཡིག་ཆ་ཨང་ ༢༦ པ། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཁེ་ཉེན་གྱི་གནས་སྟངས་ཇི་ཆགས་རྟོག་ཞིབ་སླད་ཚོགས་གཙོ་སྦྲེལ་པོས་ཚོགས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་རྒྱུའི་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་མང་མོས་ཐོག་གཏན་འབེབས་དང་།
ཡིག་ཆ་ཨང་ ༢༧ པ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྣར་ཐང་པར་ཁང་དེ་ཉིད་སྒོ་རྒྱག་མི་དགོས་པར། པར་སྐྲུན་ལས་རིགས་དང་འབྲེལ་བའི་ཆེད་ལས་མི་སྣ་གསོ་སྐྱོང་དང་། ཕྱོགས་ཡོངས་ནས་ལས་དོན་ཚགས་ཚུད་ཡོང་ཐབས་དགོས་པའི་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གིས་བཏོན་གནང་བར། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་རྒྱབ་སྐྱོར་གནང་རྗེས་གྲོས་ཚོགས་ནས་མང་མོས་ཐོག་གཏན་འབེབས།
ཡིག་ཆ་ཨང་ ༢༨ པ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་དེའི་རྒྱུན་ལས་ཚུགས་མ་ཐུབ་པའི་དམིགས་བསལ་གནས་སྟངས་བྱུང་བའི་དུས་ཡུན་ནང་། བཀའ་ཤག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་ ༧ ནང་གསེས་ ༥ པའི་ཆ་རྐྱེན་འོག་ཚོགས་དྲུང་ལས་ཁུངས་བརྒྱུད་བར་བརྒལ་བཀའ་འཁྲོལ་ཞུས་ཟིན་པའི་བྱུང་ཧིན་སྒོར་ ༢༧༠,༣༥༦,༦༨༣ དང་། སོང་ཧིན་སྒོར་ ༢༠༣,༩༥༥,༢༢༩ གྲོས་ཚོགས་སུ་སྙན་གསན་བྱུང་བ་ལྟར་བཀའ་འཁྲོལ་ཐོབ་པར་ངོས་འཛིན་བྱ་རྒྱུའི་གྲོས་ཆོད་གྲོས་འཆར་ཞིག་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བཏོན་གནང་བར་། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་མང་མོས་ཐོག་གཏན་འབེབས་གནང་ཡོད།
དེ་རྗེས་ཁྲིམས་བཟོའི་ལས་དོན་གྱི་བརྗོད་པ་གསུམ་པའི་ལས་རིམ་ཐོག ཡིག་ཆ་ཨང་། ༢༩ ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། དོན་ཚན་བཅུ་དྲུག་པའི་གསར་འཇུག་ནང་གསེས་ ༨ པ་དང་། དོན་ཚན་བཅུ་དགུ་པའི་ནང་གསེས་ ༣ པ། ནང་གསེས་ ༤ པ། གསར་འཇུག་ནང་གསེས་ ༥ པ་བཅས་བརྗོད་པ་གསུམ་པའི་ཐོག་ནས་གཏན་འབེབས་དང་། དེ་ནས་ལས་རིམ་སྔོན་མའི་སྐབས་བཀའ་ཤག་གི་གསལ་བཤད་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། དྲི་བ་ཕུལ་བ་ཁག་ལ། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་གིས་བཀའ་ཤག་གིས་གསལ་བཤད་གནང་བའི་དོན་གནད་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་ངེས་བྱུང་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནང་མང་མོས་ཐོག་གཏན་འབེབས་གནང་ཡོད།
ཚོགས་ཐུན་ལྔ་པར། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཡིག་ཆ་ཨང་། ༣༡ བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༡་་་༢༠༢༢ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་དོན་ཚན་དང་པོ། འབབ་ཡོང་། “བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་ཚུད་པ་དང་། མ་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༣,༧༩༨,༤༧༥,༩༢༠” དང་། དོན་ཚན་གཉིས་པ། འགྲོ་སོང་། “རྩིས་ལོ་ ༢༠༢༡་་༢༠༢༢ ལོའི་ལས་ཁུངས་ཁག་གི་སྔོན་རྩིས་བཀའ་འཁྲོལ་ཐོག་བར་བརྒལ་བཀའ་འཁྲོལ་ཞུས་བསྩལ་བསྣན་པའི་མཐའ་མའི་ཕྱོགས་བསྡོམས་འགྲོ་གྲོན་སྔོན་རྩིས་བསྡོམས་སྒོར་ ༣,༢༥༢,༤༦༢,༣༤༤” བཀའ་འཁྲོོལ་གནང་བ་ཁག་སྙན་སྒྲོན་གནང་བ་དང་། དེར་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་མང་མོས་ཐོག་གཏན་འབེབས་དང་།
དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཡིག་ཆ་ཨང་། ༣༢ བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༢་་་༢༠༢༣ ལོའི་གཏོང་ལེན་ཁྲིམས་ཡིག་དོན་ཚན་དང་པོ། འབབ་ཡོང་། “བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ནང་ཚུད་པ་དང་། མ་ཚུད་པའི་བཀའ་འཁྲོལ་བསྡོམས་སྒོར་ ༢,༦༨༠,༧༢༩,༠༤༡” དང་། དོན་ཚན་གཉིས་པ། འགྲོ་སོང་། “བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་བཀའ་འཁྲོལ་དང་། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པ་བཅས་བསྡོམས་སྒོར་ ༢,༥༨༨,༩༧༩,༨༩༤” བཀའ་འཁྲོལ་གནང་བ་ཁག་སྙན་སྒྲོན་གནང་བར། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། གྲོས་ཚོགས་ནས་མང་མོས་ཐོག་གཏན་འབེབས་བཅས་གནང་གྲུབ་མཚམས། ལས་རིམ་ལྟར། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ནས་དགོངས་ཤོག་ཁག་སྙན་སྒྲོན་ཞུས་གནང་སོང་།
དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཚོགས་དུས་གསུམ་པའི་མཇུག་བསྡོམས་གསུང་བཤད་གནང་རྗེས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་གྲོལ་བའི་གསལ་བསྒྲགས་གནང་སྟེ། གྲོས་ཚོགས་མཇུག་བསྒྲིལ་གནང་ཡོད་པ་བཅས། །