སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་དགུ་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གསུམ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་དགུ་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཐོག་མར་ཁྲིམས་བཟོའི་ལས་དོན་གྱི་བརྗོད་པ་གཉིས་པའི་ལས་རིམ་ཐོག ཡིག་ཆ་ཨང་། ༡༩ ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི། དོན་ཚན་བཅུ་དྲུག་པའི་གསར་འཇུག་ནང་གསེས་ ༨ དང་། དོན་ཚན་བཅུ་བདུན་པའི་ནང་གསེས་ ༣། དོན་ཚན་བཅུ་དགུ་པའི་ནང་གསེས་ ༣ དང་། ༤། གསར་འཇུག་ནང་གསེས་ ༥ དང་། ༦ བཅས་ཀྱི་ཐོག་བརྗོད་པ་གཉིས་པའི་ཐོག་ནས་རིམ་པས་བགྲོ་གླེང་གནང་རྗེས། དོན་ཚན་བཅུ་དྲུག་པའི་གསར་འཇུག་ནང་གསེས་ ༨ པ་སྤྱི་མོས་དང་། དོན་ཚན་བཅུ་དགུ་པའི་ནང་གསེས་ ༣ པ་སྤྱི་མོས། གསར་འཇུག་ནང་གསེས་ ༤ པ་དང་། ནང་གསེས་ ༦ པར་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་དང་སྦྲགས་བརྗོད་པ་གཉིས་པའི་ཐོག་ནས་གཏན་འབེབས་དང་། དོན་ཚན་བཅུ་བདུན་པའི་ནང་གསེས་ ༣ པ་དང་། དོན་ཚན་བཅུ་དགུ་པའི་གསར་འཇུག་ནང་གསེས་ ༥ པར་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་ཐོབ་མེད།

དེ་རྗེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ།  ཞེས་པའི་ནང་གསེས་ ༢ པའི་ “ག” ཡི་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྙན་སྒྲོན་གནང་བར། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱབ་སྐྱོར་གནང་སྟེ། རིམ་བཞིན་བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ཐོག་བགྲོ་གླེང་གནང་རྗེས། རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་ཐོབ་མེད།

རིམ་པས་ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས་གཏན་འབེབས་གནང་རྗེས། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་འཕྲོད་བསྟེན་ལས་ཁུངས་ཀྱི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། སྦེལ་ཀོབ་འཚོ་བྱེད་སྨན་ཁང་དང་། ལྡི་ལི་སྨན་ཁང་། བསུ་ན་མདའ་ས་གནས་འཕྲོད་བསྟེན་སྨན་ཁང་། མངོན་དགའ་སློབ་གྲྭ་བཅས་ཀྱི་ཟུར་བཀོལ་སྔོན་རྩིས་བཅས་སྙན་སྒྲོན་གནང་རྗེས་གྲོས་ཚོགས་ནས་གཏན་འབེབས་དང་།

དེ་ནས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་གིས་བལ་ཡུལ་སྣེ་ལེན་ཁང་གི་རྒྱུན་གྲོན་དང་། སོ་ན་ལི་སྣེ་ལེན་ཁང་གི་རྒྱུན་གྲོན། དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། ཤེས་རིག་ལས་ཁུངས་ཀྱི་ཟུར་བཀོལ་སྔོན་རྩིས། སམ་བྷོ་ཊའི་བོད་སློབ་ཚོགས་པའི་ཟུར་བཀོལ་སྔོན་རྩིས། ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། སྦེང་ལོར་ལྷོ་ཕྱོགས་གཞིས་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་ལྔའི་ཟུར་བཀོལ་སྔོན་རྩིས་བཅས་སྙན་སྒྲོན་གནང་རྗེས་གྲོས་ཚོགས་ནས་གཏན་འབེབས།

དེ་བཞིན་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངེས་ཅན་འགྲོ་གྲོན་དང་། རྒྱུན་གྲོན། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་སྙན་སྒྲོན་གནང་རྗེས། གྲོས་ཚོགས་ནས་གཏན་འབེབས་གནང་སོང་།

ཆོས་རིག་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག སྤྱི་འཐུས་རྣམ་པས་གཞུང་ཆེན་རིགས་གཅིག་རྐང་འཛིན་སྐོར་དང་། དགོན་སྡེ་ཁག་ནས་གནང་བའི་ཕྱག་ཁྱེར་རྣམས་ལ་རྒྱལ་སྤྱིའི་ཐོག་ངོས་ལེན་གནང་ཐབས་བཟོ་ཐབས། བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཟབ་སྦྱོང་སྐོར། མཚམས་པ་རྣམས་ལ་འཚོ་སྣོན་སྤར་དགོས་སྐོར། རིས་མེད་བགྲོ་གླེང་སྐོར་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་དང་།  དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག སྤྱི་འཐུས་རྣམ་པས་གཞིས་ཆགས་ནང་མང་ཚོགས་ཀྱི་ཆེད་ལུས་རྩལ་ཡོ་ཆས་ (Gym)  འཛུགས་རྒྱུའི་ལས་གཞིའི་སྐོར་དང་། མ་ན་ལི་དང་། མཚོ་པདྨ་ཁུལ་ལ་སྨན་རྩིས་ཁང་གི་སྨན་བཅོས་སྐོར་བསྐྱོད་འགྲོ་གི་ཡོད་མེད།  སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་དང་། མྱོས་རྫས་ངན་གོམས་སྔོན་འགོག་གི་ལས་གཞི་ཁག་གཞི་རིམ་སློབ་གྲྭ་སོགས་ཀྱི་ནང་སྤེལ་དགོས་གལ། རྒས་འཁོགས་རྒས་གསོ་ཁང་ལ་མ་ཕེབས་པར་ནང་ལ་གཅིག་པུར་སྡོད་མཁན་རྣམས་ལ་ས་གནས་སོ་སོའི་ནང་གི་གཞོན་སྐྱེས་ཚོས་དང་བླངས་ཐོག་ནས་རོགས་རམ་གནང་ཐུབ་པ་ཡོང་ཐབས། སྨན་རྩིས་ཁང་གི་གནས་སྟངས་སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བ་ཁག་ལ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་དང་། གཞན་ཡང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་དུས་སྐབས་སུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་གཙོས་པའི་ཁྱབ་ཁོངས་ས་གནས་འགོ་འཛིན་ཁག་དང་། ས་གནས་སྨན་ཁང་ཁག་གི་སྨན་པ་དང་། སྨན་ཞབས་པ། དང་བླངས་པ། དེ་བཞིན་དགོན་སྡེ་དང་། ཚོགས་པ། མི་སྒེར་བཅས་ཚང་མས་ཕྱག་ལས་རྒྱ་ཆེ་གནང་བར་བསྔགས་བརྗོད་གནང་སོང་།

གཞན་ཡང་ཤེས་རིག་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །