༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གསུམ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བཞི་པ་ཚོགས་གནང་ཡོད།
དེ་ཡང་སྔ་དྲོ་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་བདེ་སྲུང་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་གནང་རྗེས། བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་འགྲོ་གྲོན་གཏན་འབེབས་དང་། དེ་ནས་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་རྩིས་ལོ་ ༢༠༢༢་་་༢༣ ལོའི་ཚོགས་དྲུང་ལས་ཁུངས་ཀྱི་དམིགས་བསལ་བཀའ་འཁྲོལ་སྤར་ཆའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་གིས་རྒྱབ་སྐྱོར་གནང་རྗེས་གཏན་འབེབས་གནང་ཡོད།
དེ་རྗེས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག་གིས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་སྙན་སྒྲོན་གནང་རྗེས། ཕྱི་དྲིལ་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས་ཕྱི་དྲིལ་རྒྱ་ཡིག་ཚན་པའི་སྐོར་དང་། བོད་དོན་ཞུ་སྐུལ་གནང་ཕྱོགས། དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་ཕྱོགས། ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་སྐོར། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ (Voluntary Tibetan Advocacy Groups V-TAG) སོགས་ཀྱི་ཐོག་དོགས་འདྲི་དང་། དགོངས་ཚུལ་གསུངས་པར་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།
ཉིན་རྒྱབ་ཚོགས་ཐུན་གསུམ་པར། དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་ཁྱབ་ཁོངས་ལས་ཁུངས་ཁག་གི་རྩིས་ལོ་ ༢༠༠༠་་་༠༡ ནས་ ༢༠༢༠་་་༢༡ བར་གྱི་མ་དངུལ་གནས་བབ་སྙན་ཐོ་སྙན་སྒྲོན་གནང་བ་དང་།
སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་གོང་གསལ་སྙན་ཐོའི་ཐོག་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་རྒྱབ་སྐྱོར་གནང་རྗེས་གོང་གསལ་སྙན་ཐོའི་ཐོག་བགྲོ་གླེང་མུ་མཐུད་གནང་རྒྱུ་གནང་ཡོད་པ་བཅས། །