སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་གསུམ་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གསུམ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་གསུམ་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་སྔོན་རྩིས་ཐོག་བགྲོ་གླེང་གནང་བའི་དོན་གནད་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག་རྣམ་གཉིས་ནས་ལན་འདེབས་གསལ་བཤད་གནང་སོང་།

དེ་རྗེས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག་གིས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ངེས་ཅན་འགྲོ་གྲོན་དང་། རྒྱུན་གྲོན། ཟུར་བཀོལ་བཅས་དང་། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་དང་། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་འགྲོ་གྲོན། ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན། སྐོར་བསྐྱོད་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན། ས་གནས་འཐུས་མི་ཚོགས་འདུ་ཁག་ ༣༧ གྱི་རྒྱུན་གྲོན་དང་། དམིགས་བསལ་འགྲོ་གྲོན། བཀའ་དྲུང་ཡིག་ཚང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་སྙན་སྒྲོན་གནང་རྗེས་གྲོས་ཚོགས་ནས་གཏན་འབེབས་དང་། དེ་ནས་བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་སྔོན་རྩིས་སྙན་སྒྲོན་གནང་སོང་།

བཀའ་དྲུང་ཡིག་ཚང་གི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གནས་སྤོས་དང་། ལས་བྱེད་ས་མིག་གཏན་འབེབས་སྐོར། བལ་ཡུལ་ནང་གི་གནས་སྡོད་བོད་མི་ཚོར་དམིགས་བསལ་གྱིས་རོགས་རམ་གནང་སྐྱོང་ཡོང་བ་སོགས་ཀྱི་དགོངས་འཆར་དང་། དོགས་འདྲི་ཕུལ་བར། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་།

དེ་བཞིན་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་སྤྱི་འཐུས་རྣམ་པས། ཕྱི་རྒྱལ་ནས་ཕྱིར་ལོག་མཐོང་མཆན་ (Return Visa) དང་། ཕྱིར་ཐོན་ཆོག་མཆན་ (Exit Permit) སྐོར། ༧གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་འགན་ཁུར་བཞེས་ཕྱོགས། ཨོ་སི་ཀྲོ་ལི་ཡར་བོད་མི་གཞིས་སྤོས་ལས་གཞིའི་སྐོར། བོད་མི་དམག་ཟུར་རྣམས་ལ་ཆེ་མཐོང་ཞུ་དགོས་པ། ནང་པ་ལ་ས་མཚམས་སུ་རྒྱ་དམར་གྱི་མེ་མདའི་ཉེན་ཁའི་འོག་ནས་ཐར་བའི་བོད་མི་བཙན་བྱོལ་བ་རྣམས་ཆབ་སྲིད་བཙོན་ཟུར་དང་འབྲེལ་བའི་ཐོག་ཨོ་སི་ཀྲོ་ལི་ཡའི་གནས་སྤོས་ལས་གཞིའི་ནང་ཚུད་ཐབས་ཡོང་གནས། ཕྱི་རྒྱལ་ནས་བོད་མིའི་གཞིས་ཆགས་ཁག་ནང་ཕེབས་མཁན་རྣམས་ནས་ (PAP) བཀའ་ཁྲོལ་ཞུ་ཕྱོགས་ཀྱི་དཀའ་ངལ། སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་ཕྱོགས་ཀྱི་དཀའ་ངལ་སྐོར་སོགས་ཀྱི་ཐོག་དགོངས་འཆར་དང་། དོགས་འདྲི་ཕུལ་བར་དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །

Menu