སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་གཉིས་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གསུམ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་གཉིས་པ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་ཞིང་། བགྲོ་གླེང་ཐོག་སྤྱི་འཐུས་ ༡༢ ཀྱིས་ཆ་ཤས་ལེན་པ་དང་། སྐབས་དེར་སྤྱི་འཐུས་རྣམ་པས། རྒྱ་ནག་ནི་འཛམ་གླིང་གི་བཟོ་གྲྭ་ཆེན་པོ་ཞིག་ལ་བསྒྱུར་ཡོད་པ་དང་། ཚོང་གི་ཁེ་ཕན་ཆེད་བོད་ནང་འཛུགས་སྐྲུན་གྱི་ལས་གཞི་དང་། གཏེར་ཁ་བསྔོག་འདོན། བོད་ཀྱི་རྒྱུགས་ཆུ་མང་པོར་ཆུ་རགས་བརྒྱབ་ཏེ་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བཞིན་ཡོད་པ།  ཁོར་ཡུག་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཁག་ནང་གང་མང་མཉམ་ཞུགས་གནང་དགོས་པ། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱུགས་ཆུ་ཁ་བསྒྱུར་བྱས་ཏེ་སོ་སོའི་ཁེ་ཕན་སྒྲུབ་བཞིན་ཡོད་པ། རྒྱུགས་ཆུ་འབག་བཙོག་བཟོ་བཞིན་ཡོད་པ། རྒྱ་ནག་གཞུང་གིས་བོད་ནང་རྒྱལ་ཁབ་སྤྱི་གླིང་ (National Park) མང་པོ་བཙུགས་ནས་འབྲོག་པ་རྣམས་བཙན་ཤེད་ཐོག་གནས་སྤོས་བྱེད་བཅུག་གི་ཡོད་པ། དྲྭ་ལམ་ཐོག་ལ་བོད་ནང་གི་ཁོར་ཡུག་གནས་བབ་ཀྱི་བརྙན་ཐུང་བཟོས་ནས་ལས་འགུལ་སྤེལ་དགོས་པ་སོགས་གསུངས་གནང་རྗེས། བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར། ཡིག་ཆ་ཨང་། ༣ སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

དེ་རྗེས། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་བཅས་སྙན་སྒྲོན་ཟིན་པའི་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་ཞིང་། བགྲོ་གླེང་ཐོག་སྤྱི་འཐུས་རྣམ་པས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་། སྣར་ཐང་པར་ཁང་། རང་ཁ་རང་གསོ་སོགས་ཀྱི་གནད་དོན་ཁག་ལ་དྲི་བ་དང་། དགོངས་ཚུལ་གསུངས་གནང་བར་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །