༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཚོགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་དཔལ་ལྡན་བཀའ་བློན་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སོང་།
དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་དགུ་པ་དང་། བཅུ་དྲུག་གཞིར་བཟུང་། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་གྲུབ་མཚམས།
སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་གནང་བར།
སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བོད་ནང་གི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་ལྷུགས་པོ་གནང་སོང་།
གྲོས་ཆོད་ནང་ ༡) འཛམ་གླིང་སྤྱི་དང་གླིང་ཆེན་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་སྤྱི་ཚོགས་དང་། དཔལ་འབྱོར། ཁོར་ཡུག་གི་གནས་བབ་སོགས་བརྟན་ལྷིང་ཡོང་ཐབས་སུ་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་སླར་གསོ་དང་བོད་མིའི་ཡ་རབས་བཟང་པོའི་གོམས་གཤིས་སུ་རང་བྱུང་ཁོར་ཡུག་ལ་གཅེས་སྤྲས་བྱེད་པའི་ཐུན་མོང་མ་ཡིན་པའི་ལམ་སྲོལ་བཟང་པོ་ཡོད་པར་རྒྱ་ནག་གཞུང་ཕྱོགས་ནས་ཁ་ཞེ་གཉིས་མེད་ཀྱིས་བརྩི་བཀུར་ཞུས་དགོས་པ་དང་། བོད་ནང་གི་བོད་མི་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བར་ཁྲིམས་འགལ་ཉེས་འཛུགས་བྱེད་མི་ཆོག་པ། ༢) བོད་ནང་རི་ཉིལ་དང་། གངས་རུད། ཆུ་ལོག ས་ཡོམ་བརྒྱབ་པ་སོགས་བསམ་ཡུལ་ལས་འདས་པའི་རང་བྱུང་གི་གོད་ཆག་འབྱུང་བཞིན་པ་དེ་དག་འགོག་ཐབས་སུ་རྒྱ་ནག་གཞུང་གིས་བོད་ནང་གི་གཏེར་ཁ་སྔོག་འདོན་ལ་ཚོད་འཛིན་དང་། ཤིང་ནགས་གཅོད་འབྲེག་མཚམས་འཇོག་བྱས་ཏེ་ཤིང་སྣ་འདེབས་འཛུགས་ཀྱིས་ནགས་ཀླུང་བསྐྱར་གསོ་ཐུབ་པ་བྱ་དགོས་པ་མ་ཟད། རྒྱ་གཞུང་གིས་རང་སྐྱོན་འགེབས་སྲུང་ཁོ་ནའི་ཆེད་བོད་ནང་དུ་རང་བྱུང་གི་གནོད་འཚེ་ཇི་བྱུང་ཕྱི་བསྒྲགས་རྩ་བ་ནས་བྱེད་ཀྱི་མེད་པ་དེ་དག་ཕྱི་གསལ་ནང་གསལ་བཟོ་དགོས་པ། ༣) རྒྱ་གཞུང་གིས་བོད་ནང་གི་འཛུགས་སྐྲུན་གྱི་ལས་གཞི་དང་། གཏེར་ཁ་སྔོག་འདོན་སོགས་མ་བྱས་གོང་ས་གནས་བོད་མིའི་འཚོ་ཐབས་དང་ཁོར་ཡུག་ལ་གནོད་མིན་གྱི་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱས་ཏེ་འཛུགས་སྐྲུན་དང་གཏེར་ཁ་སྔོག་འདོན་བྱེད་ཕྱོགས་ཀྱི་ཁྲིམས་སྒྲིག་ཕྱི་གསལ་ནང་གསལ་བཟོ་དགོས་པ་མ་ཟད། གཏེར་རྫས་དང་བཟོ་གྲྭའི་སྙིགས་རོ་གང་བྱུང་དུ་གཡུག་མི་ཆོག་པའི་དམ་བསྒྲགས་བྱེད་དགོས། ༤) བོད་ཀྱི་ཁོར་ཡུག་སྤྱིའི་གལ་འགངས་དང་ཁྱད་པར་བོད་ཀྱི་ཁོར་ཡུག་གིས་འཛམ་གླིང་སྤྱིའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཇི་ལྟར་བཟོ་མིན་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྡེ་ཚན་ཁག་ནས་ཚན་རིག་དང་མཐུན་པའི་ཞིབ་འཇུག་གི་སྙན་ཐོ་རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་སྐབས་འདོན་ཐབས་སུ་གཞུང་མང་གཉིས་ནས་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུ། ༥) རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་བོད་མཐོ་སྒང་ཁོར་ཡུག་གི་གལ་ཆེའི་གནད་དོན་ངོས་འཛིན་ཐོག་ཁོར་ཡུག་དང་འབྲེལ་བའི་ཚོགས་འདུ་ནམ་ཚོགས་ལ་བོད་ཀྱི་ཁོར་ཡུག་སྐོར་གླེང་སློང་དང་སྲུང་སྐྱོབ་དགོས་པའི་ཐག་གཅོད་ཡོང་ཐབས་བྱ་དགོས་པ་བཅས་དོན་ཚན་ལྔ་ཡོད་འདུག
ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༢་་༢༣ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་རྗེས། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་མཆོག་གིས་རྩིས་ལོ་ ༢༠༢༢་་་༢༣ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་།
དེ་ནས་སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་གིས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོར་སྤྱི་ཡོངས་ཀྱི་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། ཚོགས་འདུ་གྲོལ་གནང་ཡོད།
ཐེངས་འདིའི་གྲོས་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༢་་་༢༣ ལོའི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ། དམིགས་བཀར་ལས་འཆར་བཅས་པར་བཀའ་ཤག་གིས་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་སྒོར་ས་ཡ་ ༢༥༣༥་༡༤ འཆར་འབུལ་གནང་ཡོད་པ་བཅས། །