༄༅། །ལྷར་བཅས་སྲིད་གཞིའི་གཙུག་རྒྱན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་ལ་ཕེབས་མཁན་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཙོ་གཞོན་པས་དབུས་པའི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚང་མར་ཐོག་མར་ཚོགས་གཙོས་མཛའ་ཞིང་ལྡན་པའི་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ད་རེས་ཉིན་གཉིས་ཀྱི་སྔོན་ལ་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་རིམ་བསྐྱངས་ཚར་ཙམ་རེད། རྩ་བའི་དེའི་ནང་ལ་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་ཐོག་ལ་ང་ཚོས་གང་ལ་གང་འཚམ་བགྲོ་གླེང་ཤུགས་ཆེན་པོ་བྱུང་ཡོད་པ་རེད། ད་ལྟ་ཡིན་ནའང་བོད་ནང་གི་ཛ་དྲག་གནས་སྟངས་དེ་མུ་མཐུད་ནས་གནས་བཞིན་པ་དང། ལྷག་པར་དུ་བོད་ཀྱི་སྐད་ཡིག་གི་ཐོག་ལ་ཉམས་ཆག་ཤུགས་ཆེན་པོ་འགྲོ་བཞིན་ཡོད་པ། དེ་བཞིན་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་ཡིན་ཟེར་ནས། ཆོས་ལུགས་ཐོག་ལ་ཧ་ཅང་ཉེན་ཁ་དང་ཛ་དྲག་ཚབས་ཆེན་འགྲོ་བཞིན་པའི་གནས་སྟངས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད།
དེ་རིང་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་ལའང་ལས་རིམ་རིམ་པས་ཕེབས་ཡོང་གི་ཡོད་རེད། གཙོ་བོ་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ ༡༦ ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ནས། ད་ལྟ་བར་དུ་བོད་ཕྱི་ནང་གཉིས་ཀའི་བོད་མི་རྣམས་ཀྱི་རེ་བའི་བློ་དང་མིག་འབུར་གཏད་ས་ཞིག་༸སྐྱབས་མགོན་རིན་པོ་ཆེ་ཁོང་ཉིད་ཆགས་བསྡད་ཡོད་རེད། ཁོང་གི་མཛད་པ་འཕྲིན་ལས་དང་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས། ང་ཚོའི་བཙན་བྱོལ་གྱི་སྒྲིག་འཛུགས་འདི་ཐོག་མར་ཉིད་ནས་མང་གཙོ་ཅན་དུ་བསྒྱུར་བ། དེ་ནས་ང་ཚོས་ཡོངས་གྲགས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་རས་གནང་བ་རེད་ཟེར་ནས། ཕྱི་ཟླ་ ༩ ཚེས་ ༢ ནས་ནམ་རྒྱུན་དུ་ང་ཚོས་དུས་དྲན་སྲུང་བརྩི་ཞུས་པ་དེ་ཆགས་བསྡད་ཡོད་རེད། རྩ་བའི་མང་གཙོའི་ལམ་ལུགས་ལ་ཐད་ཀའི་མང་གཙོ་དང་། སྐུ་ཚབ་ཀྱི་མང་གཙོ། དེ་འདྲ་བཤད་སྲོལ་ཡོད་པ་རེད། དེ་བཞིན་གྲོས་ཚོགས་ཀྱི་ལམ་ལུགས་དང་། སྲིད་འཛིན་གྱི་ལམ་ལུགས། དེ་འདྲའི་ཐོག་ནས་ངོས་འཛིན་བྱེད་སྟངས་མི་འདྲ་བ་རྒྱལ་སྤྱིའི་མང་གཙོའི་འཕེལ་རིམ་ནང་ལ་ཆགས་བསྡད་ཡོད་རེད། ཡིན་ནའང་། ང་ཚོ་སྐྱབས་བཅོལ་བའི་གནས་སྟངས་ཤིག་གི་ཐོག་ནས་དེ་ཚོ་ཚང་མ་ནས་ལེགས་ཆ་ལེན་པའི་ཐོག་ནས་མང་གཙོའི་ལམ་ལུགས་ཤིག་ཆགས་བསྡད་པ་དེ་ཕལ་ཆེར་གསལ་པོ་རེད་འདུག དེ་ཡིན་དུས་ང་ཚོའི་མང་གཙོ་དབུ་བརྙེས་ནས་ད་ལྟ་བར་དུ་ལོ་ ༦༠ ལྷག་ཙམ་ཕྱིན་ཡོད་པ་རེད། ལུང་པ་འགའ་ཤས་ཀྱི་མང་གཙོ་གསར་པ་ང་ཚོ་ལས་གཞོན་པ་འདྲ་པོ་ཞིག་ཆགས་ཡོད་རེད། གཙོ་བོ་མང་གཙོའི་ནང་ལ་ལོ་བཅུ་ཕྲག་དྲུག་ཟེར་དུས་གང་ལ་གང་འཚམ་རྒན་པ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་ང་ཚོའི་མང་ཚོགས་ཀྱིས་འོས་བསྡུ་བྱས་པའི་འཐུས་མི་རྣམ་པ་ཡིན་ནའང་། མང་གཙོའི་ལྟ་གྲུབ་སེམས་ལ་ངེས་དགོས་པ་ཞིག་དང་། གཞི་རིམ་མང་ཚོགས་ཀྱི་ཐོག་ནས་ཡིན་ནའང་། མང་གཙོའི་ཐོག་ལ་བསམ་བློ་དང་། བསམ་ཚུལ་འདོན་ཕྱོགས་རེད། དེ་ཚོའི་ཐོག་ལ་ང་ཚོས་དུས་རྒྱུན་དུ་ད་དུང་སློབ་སྦྱོང་བྱེད་ཐུབ་དགོས་པ་དེ་གནད་འགག་ཆེན་པོ་རེད་འདུག དེ་གཅིག་ཞུ་འདོད་བྱུང་།
དེ་བཞིན་ང་ཚོའི་མང་གཙོའི་སྒྲིག་འཛུགས་འདི་གཞི་འཛིན་ས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཆགས་བསྡད་ཡོད་རེད། དེའི་ནང་ལ་ང་ཚོར་འགན་དབང་བསྐུར་བ་དེ། ང་ཚོའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དེ། གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས། དེ་ནས་བཙན་བྱོལ་སྤྱི་ཚོགས་བདེ་ཐབས། གནས་སྐབས་སུ་བོད་ནང་གི་བོད་མི་དེ་ཚོ་དཀའ་ངལ་ལས་སྐྱོབ་ཐབས་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཐོག་ལ་ཞུ་སྐུལ་དང་། དེ་ཚོའི་ཐོག་ལ་གླེང་སློང་ཞུ་ཐུབ་དགོས་པ། བཙན་བྱོལ་སྤྱི་ཚོགས་འདི་ཡིན་ནའང་འདྲ་མཉམ་དང་། དྲང་བདེན། དཔལ་འབྱོར་ལ་ཁེ་ཕན་ཡོད་ནའང་སྤྱི་སྙོམས་ཡོང་ཐུབ་པར། སྲིད་བྱུས་འཛིན་ཐུབ་དགོས་རྒྱུ། གཙོ་བོ་ང་ཚོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་བསྐུར་བའི་འགན་དབང་དེ་ཚོ་ཆགས་བསྡད་ཡོད་རེད། དེ་འདྲའི་ཐོག་ནས་ང་ཚོས་ལག་བསྟར་ཞུ་ཐུབ་དགོས་པ་དེ། འདིར་བཞུགས་མཁན་བཀུར་འོས་རྣམ་པ་ཚང་མས་དགོངས་པར་བཅང་དགོས་པ་གལ་ཆེན་པོ་རེད་འདུག དེ་གཅིག་ཞུ་འདོད་བྱུང་།
དེ་ནས་དེ་རིང་གི་ལས་རིམ་ལྟ་བུ་མཚོན་པ་ཡིན་ན། བོད་ཀྱི་ཁོར་ཡུག་ཐོག་ལ་ཛ་དྲག་གི་གྲོས་ཆོད་གྲོས་འཆར་ཞིག་ཁུར་ཡོད། སྤྱིར་བཏང་འདས་པའི་ཕྱི་ལོ་ ༢༠༢༡ ནང་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོར་ཡུག་གོ་ལའི་ཚོགས་ཆེན་ཐེངས་ ༢༦ པ་དེ་སི་ཁོ་ཊི་ལནཌ་གྱི་ས་གནས་གྷི་ལ་སི་གྷོའི་གྲོང་ཁྱེར་ལ་ཚོགས་ཡོད་པ་རེད། སྐབས་དེ་དུས་ང་ཚོའི་སྒྲིག་འཛུགས་ཀྱི་ཁོར་ཡུག་གི་མི་སྣ་དང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཕར་བཅར་ནས། བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཐོག་ལ་གང་ལ་གང་འཚམ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད་པ་རེད། དེ་རིང་འདིའི་ཐོག་ལ་གྲོས་ཆོད་དེ་བསྣམས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཕྱི་ལོ་ ༢༠༠༨ ནས་བོད་ཀྱི་ཛ་དྲག་གནས་སྟངས་ཐོག་ལ་ང་ཚོས་གྲོས་ཆོད་རིམ་པ་ཁུར་བསྡད་ཡོད་རེད། ཉིན་གཉིས་སྔོན་ལ་གྲོས་ཚོགས་གཉིས་པ་ཚར་ཙམ་ཡིན་དུས། དེའི་ཐོག་ལ་ང་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཐོག་ལ་བགྲོ་གླེང་དང་གོ་བསྡུར་དེ་འདྲའི་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཁུར་ཚར་ཙམ་ཡིན་དུས། བོད་ནང་གི་ཛ་དྲག་གནས་སྟངས་ཁོར་ཡུག་གི་ཐོག་ལ་གྲོས་ཆོད་ཅིག་ཁུར་ན་ཟེར་ནས་བཀའ་མོལ་བྱུང་བ་ནང་བཞིན། དེ་རིང་འདིར་བསྣམས་ཕེབས་པ་རེད། དེའང་ང་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ལ་དམིགས་བསལ་འགན་དབང་བསྐུར་བའི་ལས་འགན་ཞིག་ཆགས་བསྡད་དུས། དེ་རིང་བཀུར་འོས་སྤྱི་འཐུས་རྣམ་པ་རེད། དེ་ནས་འཛིན་སྐྱོང་བཀའ་ཤག་རེད། དེའི་ཐོག་ལ་གོ་རྟོགས་ཤུགས་ཆེ་ཙམ་ཞིག་ཡོང་ཐུབ་པ་དང་། དེའི་བརྒྱུད་ནས་གཞི་རིམ་མང་ཚོགས་རེད། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རེད། དེ་ཚོའི་ཐོག་ནས་བོད་ཀྱི་ཁོར་ཡུག་གི་ཐོག་ལ་རྒྱལ་སྤྱིའི་ནང་ལ་གོ་རྟོགས་སྤེལ་རྒྱུ་དང་། ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་ཙམ་ཡོང་ཐུབ་པའི་དམིགས་ཡུལ་དེ་བཟུང་ནས། དེ་རིང་འདི་བསྣམས་ཕེབས་པ་ཡིན། དེ་གཅིག་སྙན་སེང་ཞུ་རྒྱུ་ཡིན།
དེ་རིང་ལས་རིམ་གལ་ཆེ་བ་གཅིག དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་ཀྱི་གསུང་བཤད་རེད། དེ་བཞིན་ང་ཚོའི་ལྷན་ཁང་རེ་རེའི་སྔོན་རྩིས་ཐོག་ལ་བགྲོ་གླེང་དང་། གཏན་འབེབས་གནང་རྒྱུ་དེ་ཚོ་ཡོང་གི་ཡོད་རེད། དེའི་ཐོག་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་ཚོད་དཔག་འཆར་རྩིས་ཚོགས་ཆུང་། ཁོང་རྣམ་པ་མི་འགྲོ་ལྔས་ཉིན་གྲངས་བཅུ་ཕྲག་ལྷག་ཙམ་ཞིག་ཞིབ་ཚགས་པོའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་གིས་ལྷན་ཁང་གོ་རིམ་བཞིན་དུ་དཔལ་འབྱོར་འཆར་འབུལ་བྱས་པ་དང་། རྒྱབ་གཉེར་བྱས་པ་དེ་ཚོར་ཞིབ་ཚགས་པོའི་ཐོག་ནས་ཞིབ་འཇུག་བྱས་ཡོད་པ་རེད། ཞིབ་འཇུག་བྱེད་པའི་སྙན་ཐོ་དེ་གྲོས་ཚོགས་འདིའི་ནང་དུ་ཕེབས་ཀྱི་ཡོད་རེད། དེ་གཅིག་ཞུ་རྒྱུ་ཡིན།
དེ་ནས་ཁྲིམས་སྒྲིག་བསྐྱར་བཅོས་རིགས་གཅིག་ཡོང་གི་རེད། དེ་ཚོའི་ཐོག་ལའང་དགོངས་པ་བཞེས་ཐུབ་དགོས་རྒྱུ་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད།
དེ་བཞིན་དཔལ་ལྡན་བཀའ་ཤག་ནས་བཀའ་ཤག་གི་གསལ་བཤད་གཅིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་གནས་བབ་ཐོག་ལ་སྙན་ཐོ་ཞིག་བསྣམ་ཕེབས་ཀྱི་ཡིན་གསུངས་པ་རེད། དེའང་གྲོས་ཚོགས་འདིའི་ནང་ལ་ཕེབས་ཀྱི་ཡོད་རེད། དེ་ཚོའི་ཐོག་ལའང་བཀུར་འོས་སྤྱི་འཐུས་རྣམ་པ་ཚང་མས་ཆ་ཤས་བཞེས་ཐུབ་པའི་རེ་བ་ཞུ་བཞིན་ཡོད།
དེ་ནས་ལས་རིམ་ནང་དུ་སྤྱི་ཡོངས་ནས་དེ་ཙམ་ཆགས་ཀྱི་འདུག མཚམས་རེ་ལས་རིམ་གསར་པ་དེ་འདྲ་ཡོང་སྲིད་པ་རེད། ད་ལྟ་བར་དུ་བཀུར་འོས་སྤྱི་འཐུས་རྣམ་པའི་ཐོག་ནས་སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་དེ་འདྲ་གཅིག་ཀྱང་བྱུང་མ་སོང་། བསྣམ་ཕེབས་མཁན་འདྲ་ཡོད་ན་སྒྲིག་གཞི་གཞིར་བཟུང་གནང་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་རེད། དེ་བཞིན་ཐུགས་སྣང་གཞེན་སྐུལ་རེད། གཞུང་འབྲེལ་གྱི་གྲོས་ཆོད་གྲོས་འཆར་རིགས་གཅིག་བསླེབ་ཀྱི་ཡོད་རེད། དེ་ཚོ་རིམ་པས་ལས་རིམ་ནང་བཅུག་ཡོད་དུས་རྣམ་པ་ཚོས་མཁྱེན་གྱི་ཡོད་རེད། དེ་གཅིག་ཞུ་རྒྱུ་ཡིན།
ལས་རིམ་ནང་དུ་ཆ་ཤས་བཞེས་པའི་སྐབས་སུ། རྩ་བའི་ཁ་སང་ཚོགས་དུས་གཉིས་པའི་སྐབས་སུ་བསྔགས་བརྗོད་ཞུས་པ་ཡིན། དེ་ཡིན་དུས་གང་ལ་གང་འཚམ་ཡག་པོ་བྱུང་བའི་ཚོར་བ་བྱུང་། ད་ལྟ་སྔོན་རྩིས་གྲོས་ཚོགས་འདི་ལྟ་བུ་མཚོན་པ་ཡིན་ན། ལས་ཉིན་བཅུ་འདྲ་པོ་ཆགས་བསྡད་ཡོད་རེད། དེ་ཚོའི་ནང་ལ་ཆ་ཤས་བཞེས་མཁན་བཀུར་འོས་སྤྱི་འཐུས་རྣམ་པ་དང་། འཛིན་སྐྱོང་བཀའ་ཤག གང་ལྟར་ང་ཚོས་གཙོ་བོ་དེ་སྤྱི་སེམས་དེ་སེམས་ལ་བཅངས་ནས་བསམ་ཚུལ་འདོན་ཐུབ་དགོས་པ། བགྲོ་གླེང་གོ་བསྡུར་ལ་ཆ་ཤས་བཞེས་ཐུབ་དགོས་པ་གལ་ཆེན་པོ་ཞེ་དྲག་རེད་འདུག དེ་མ་ཡིན་པར་ཚོར་བ་ཞིག་གི་དབང་དུ་ཕྱིན་པ་ཡིན་ན། གྲོས་ཚོགས་ཀྱི་ལས་རིམ་ལའང་འགལ་རྐྱེན་ཆགས་ཀྱི་འདུག དེ་ནས་སྤྱི་ཚོགས་ནང་དུའང་བརྡབ་གསིག་ཆགས་ཀྱི་འདུག དེ་ཚོའི་ཐོག་གྲོས་ཚོགས་ར་བ་འདི་ནས་དགོངས་པ་བཞེས་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག
དེ་ནས་བཀུར་འོས་སྤྱི་འཐུས་རྣམ་པ་ཡིན་ནའང་ཉེ་ཆར་འཚམས་གཟིགས་ཕེབས་ཚར་ཙམ་རེད། མང་ཚོགས་ཀྱི་ཐུགས་ལ་བསམ་ཚུལ་གང་འདྲ་ཡོད་མེད། རེ་བ་གང་འདྲ་ཡོད་མེད་རྣམ་པ་ཚོས་མཁྱེན་གྱི་ཡོད་རེད། དེ་ཚོའི་གྲས་ཆ་ཚང་སེམས་ལ་བཅངས་ནས་ལས་རིམ་གྱི་ཆ་ཤས་བཞེས་རོགས་གནང་། དེ་གཅིག་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། བོད་དོན་བདེན་མཐའ་གསལ་བ་དང་། ད་རེས་གྲོས་ཚོགས་ཀྱི་ལས་ཉིན་བཅུ་འདི་དོན་དང་ལྡན་པ་ཡོང་བའི་ཚང་མས་ཐུགས་སྨོན་དང་། འགན་འཁུར་བཞེས་རོགས་གནང་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།