སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་བསྒྲིལ་བ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གཉིས་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༡༨  ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་མཐའ་མ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་བོད་ཟླ་ ༡ པོའི་ཚེས་ ༡༥ ཆོ་འཕྲུལ་ཟླ་བའི་དུས་ཚོད་ཁྱད་པར་ཅན་ཞིག་ཆགས་བསྡད་ཡོད་རེད། དེ་ཡིན་དུས་བདག་ཅག་གི་སྟོན་པ་མཉམ་མེད་ཤཱ་ཀྱ་ཐུབ་པས་བདུད་དང་མུ་སྟེགས་ཐམས་ཅད་ཆོ་འཕྲུལ་གྱིས་ཕམ་པར་མཛད་ཅིང། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནས་བསྟན་འགྲོ་ལ་ཕན་པའི་སྣང་བ་སྦྱིན་པའི་དུས་ཚོད་རྩ་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། དེ་རིང་མང་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་དངོས་སུ་མཇལ་རྒྱུ་བྱུང་བ་དེ། ལོ་གཉིས་ཀྱི་རྗེས་ལ་ཐེངས་དང་པོ་ཆགས་བསྡད་ཡོད་རེད། དེ་ཡིན་དུས་དེ་རིང་དངོས་སུ་བཅར་རྒྱུ་བྱུང་བ་དེ་ཚོ་རེད། དེ་བཞིན་དྲ་ཐོག་ནས་མཇལ་མཁན་རེད། ལྷག་པར་དུ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་བཞུགས་མཁན་ཚོགས་མི་ལྷན་རྒྱས་ཡར་བཅར་ཐུབ་པ་དང་། ཞལ་མཇལ། གསུང་ཐོས། ཆོས་འབྲེལ་ཐོབ་པ་དེ་ཧ་ཅང་བསྐལ་བ་བཟང་པོ་ཞིག་དང་། ལྷག་པར་དུ་ཆོས་ཕྱོགས་ནས་ཞུས་པ་ཡིན་ན། བསྐལ་བ་མང་པོ་བསོད་ནམས་བསགས་པའི་འབྲས་བུ་ཞིག་ཆགས་བསྡད་ཡོད་རེད། དེར་ང་ཚོ་ཚང་མས་དགའ་བ་སྒོམ་དགོས་པའི་གནས་སྟངས་ཆགས་བསྡད་ཡོད་རེད། ལྷག་པར་དུ་༸སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ཕེབས་པ་གཞིར་བཟུང་རེད། དེང་སང་གི་དུས་ཚོད་ནང་ལ་བོད་དེ་ཉམས་དམའ་བའི་གནས་སྟངས་འདྲ་པོ་ཞིག་ཆགས་བསྡད་ཡོད་རེད། ཡིན་ནའང་། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་གི་ཐུགས་རྗེ་དང་། མཛད་འཕྲིན་ལ་བརྟེན་ནས་ང་རང་ཚོའི་མགོ་བཀྱག་བཀྱག་བྱ་རྒྱུའི་བསྐལ་བ་བཟང་པོ་དེ་ཁོང་གི་སྐུ་དྲིན་རེད། ཁོང་གིས་གསུངས་པ་ནང་བཞིན་བོད་ཀྱི་བདེན་དོན་རེད། ལྷག་པར་དུ་ཆོས་དང་རིག་གཞུང་གི་ཐོག་ལ་སྲོག་རྩ་ལྟ་བུ་ཞིག་ཟིན་ནས་བཞུགས་ཐུབ་པ་དེ། ང་རང་ཚོར་ཧ་ཅང་གི་བསྐལ་བ་བཟང་པོ་ཞིག་དང། ལྷག་པར་དུ་༸སྐྱབས་མགོན་རིན་པོ་ཆེས་དེ་རིང་སྐྱེས་རབས་ཀྱི་གསུང་ཆོས་སྐབས་སུ། ད་དུང་དགུང་ལོ་བཅུ་ཕྲག་ལྷག་བཞུགས་ཐུབ་རྒྱུའི་ཞལ་བཞེས་གནང་བ་དེ་ང་ཚོར་ཧ་ཅང་གིས་བསྐལ་བ་བཟང་པོ་བྱུང་སོང་ཟེར་ནས། དང་པོ་དེ་སྙན་སེང་ཞུ་རྒྱུ་ཞིག་དང་།

དེ་དང་འབྲེལ་བའི་ཐོག་ནས་ང་རང་ཚོའི་ངོས་ནས་ནུས་པ་གང་ཡོད་ཀྱི་ཐོག་ནས་ཧུར་ཐག་བྱེད་དགོས་རྒྱུ་དེ། ༸སྐྱབས་མགོན་རིན་པོ་ཆེས་ཧུར་ཐག་གནང་ཤོག་གསུངས་པ་ནང་བཞིན། ང་ཚོས་ཧུར་ཐག་གནང་དགོས་རྒྱུ་དེ་ང་ཚོའི་ལས་འགན་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། གཙོ་བོ་༸གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་། དེ་བཞིན་བོད་བསྟན་སྲིད་ཀྱི་ཆེད་དུ་ནུས་པ་མཉམ་སྤུངས་ཀྱི་ལས་ཀ་ག་རེ་གནང་ཐུབ་པ་ཡིན་ནའང་། ཐེ་ཚོམ་མེད་པར་གནང་དགོས་རྒྱུ་དང་། གནང་རྒྱུའི་དུས་ཚོད་ལ་སླེབས་བསྡད་པ་དེ་ང་ཚོས་ངོས་འཛིན་ཞུ་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། དེ་རིང་ཐོག་མར་འདི་སྙན་སེང་ཞུས་ན་བསམས་སོང་ཞེས་གསུངས་སོང་།

དེ་ནས་ལས་རིམ་ལྟར། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༠་་་༢༡ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་།

སྤྱི་འཐུས་རྒྱུན་ལས་ཀྱིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྙན་སྒྲོན་གནང་བ་དང་།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་རྒྱབ་སྐྱོར་གནང་བ་དང་།  དེ་ནས་དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་རྗེས། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་ཞིང་། བགྲོ་གླེང་ཐོག་གཙོ་བོ་སྤྱི་འཐུས་རྣམ་པས་སྐྱབས་བཅོལ་ལག་ཁྱེར་གསར་བཟོ་དང་དུས་འགྱངས་ཀྱི་དཀའ་ངལ་སྐོར་དང་། ཕྱི་རྒྱལ་ནས་ཕྱིར་ལོག་མཐོང་མཆན་ (Return Visa) དང་། དེ་བཞིན་ཕྱིར་ཐོན་ཆོག་མཆན་ (Exit Permit) སྐོར། ༧གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་འགན་ཁུར་བཞེས་ཕྱོགས། ཨོ་སི་ཀྲོ་ལི་ཡར་བོད་མི་གཞིས་སྤོས་ལས་གཞིའི་སྐོར་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར། དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༠་་་༢༡ ལོའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་གནང་སོང་།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་དང་། འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༠་་་༢༡ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་རྒྱུན་ལས་ཀྱིས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་སྙན་སྒྲོན་གནང་བ་དང་།

སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་རྒྱབ་སྐྱོར་གནང་རྗེས། དཔལ་ལྡན་སྲིད་སྐྱོང་དང་། འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་གོང་གསལ་སྙན་ཐོ་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་བ་དང་། དེ་ནས་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་ཞིང་། བགྲོ་གླེང་གི་ལས་རིམ་ཐོག་སྤྱི་འཐུས་རྣམ་པས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་སྐབས་ཁྱབ་ཁོངས་ལས་བྱེད་དང་། སྨན་པ། སྨན་ཞབས་པ། འཕྲོད་ལས་པ། མདུན་སྐྱོད་ལས་བྱེད་རྣམ་པས་ཕྱག་ལས་ཧུར་ཐག་གནང་བ་དང་། དེ་བཞིན་དགོན་སྡེ་ཁག་དང་། ཚོགས་སྡེ་ཁག་མང་པོས་སྨན་ཁབ་སོགས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་། གཞན་སྤྱི་འཐུས་རྣམ་པས་དགོངས་ཚུལ་དང་། དོགས་འདྲི་ཕུལ་གནང་བར། དཔལ་ལྡན་སྲིད་སྐྱོང་དང་། འཕྲོད་བསྟེན་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།

དེ་རྗེས་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གསུམ་པའི་ཐོག་ཡིག་ཆ་ཨང་ ༣༥ པ། གཞུང་འབྲེལ་ཕོགས་ཀྱི་ཚད་རིམ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་དེ་བཞིན་བརྗོད་པ་གསུམ་པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

མཐའ་མར། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ནས་དགོངས་ཤོག་ཁག་སྙན་སྒྲོན་ཞུས་གནང་གྲུབ་མཚམས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཚོགས་དུས་གཉིས་པའི་མཇུག་བསྡོམས་གསུང་བཤད་གནང་རྗེས།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་གྲོལ་བའི་གསལ་བསྒྲགས་གནང་སྟེ། ཚོགས་འདུ་མཇུག་བསྒྲིལ་གནང་ཡོད་པ་བཅས། །

 

Menu