སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བཞི་པའི་གནས་ཚུལ།

༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༤ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་གཉིས་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༡༧  ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བཞི་པ་ཚོགས་གནང་ཡོད་པ་དང་།

ཚོགས་ཐུན་དང་པོའི་སྐབས་དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༠་་་༢༡ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་རྒྱུན་ལས་ཀྱིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་རྒྱབ་སྐྱོར་གནང་སོང་།

གྲོས་ཚོགས་ཚོགས་ཐུན་གཉིས་པ་ནས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་ལས་རིམ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་འདེམས་ཀྱི་ཐོག བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ ནང་གསེས་ ༡ པོའི་དགོངས་དོན། “ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།” ཞེས་པའི་ཆ་རྐྱེན་འོག འདེམས་སྒྲུག་ཚོགས་ཆུང་དེས་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢ ནས་བཟུང་དངོས་དང་། དྲ་ཐོག་བཅས་སུ་གོ་བསྡུར་དང་། ཁྲིམས་ཞིབ་པ་ཆེ་བའི་འོས་མིའི་ཆེད་ཐབས་ཤེས་ཡོད་རྒུ་ཞུས་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསེས་ ༡ པོ་དང་། ༢ པའི་ནང་གསལ་བའི་འོས་ཆོས་ཡོངས་སུ་ཚང་བའི་འོས་མིའི་མཚན་གཞུང་ཞིག་འབུལ་ཐུབ་པའི་ཐབས་ཤེས་ཐུབ་མ་སོང་བའི་སྙན་ཐོ་ཕུལ་བ་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསལ་བསྒྲགས་གནང་སོང་།

དེ་རྗེས་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་དང་པོ་དང་། གཉིས་པའི་ཐོག་ཡིག་ཆ་ཨང་ ༣༠ པ། གཞུང་འབྲེལ་ཕོགས་ཀྱི་ཚད་རིམ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་སྙན་སྒྲོན་གནང་བར། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་སྟེ། རིམ་བཞིན་བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ཐོག་བགྲོ་གླེང་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

རིམ་པས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་ལྷུགས་པོ་གནང་བ་དང་། བགྲོ་གླེང་ཐོག་སྤྱི་འཐུས་ ༡༣ གྱིས་ཆ་ཤས་བཞེས་པ་དང་། སྤྱི་འཐུས་རྣམ་པས་གཙོ་བོ་བལ་ཡུལ་ནང་གི་བོད་པའི་སློབ་ཕྲུག་ཚོའི་ཡིག་ཆའི་དཀའ་ངལ་དང་། ཧི་མ་ལ་ཡའི་དགོན་སྡེ་ཁག་གི་ནང་བོད་ཡིག་གི་དཔེ་དེབ་བགོ་འགྲེམས་གནང་དགོས་གལ། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སྐོར། སློབ་གྲྭ་ཁག་གི་དགེ་རྒན་རྣམ་པའི་གསོལ་ཕོགས་གཅིག་མཚུངས་བཟོ་དགོས་གལ། སློབ་གྲྭ་ཟླ་བསྒྲིལ་གྱི་གནས་སྟངས་སྐོར། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས།  འཕྲལ་སེལ་དང་ཆོས་གན་དགེ་རྒན་རྣམ་པའི་དཀའ་ངལ། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནེ་རུ་གཙུག་ལག་སློབ་གཉེར་ཁང་ནང་གསར་ཞུགས་བྱེད་མཁན་བོད་པའི་སློབ་ཕྲུག་ཚོའི་སློབ་ཡོན་གྱི་དཀའ་ངལ་སེལ་ཐབས། དགོན་སྡེ་ཁག་གི་སློབ་གྲྭ་རྣམས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) དང་། ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་ནང་འཇུག་ཐུབ་ཐབས་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར། དཔལ་ལྡན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༠་་་༢༡ ལོའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་གནང་ཡོད།

དེ་ནས་དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༠་་་༢༡ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་སྙན་སྒྲོན་གནང་བ་དང་།

སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་མཆོག་གིས་རྒྱབ་སྐྱོར་གནང་རྗེས།

དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་བ་དང་། དེ་ནས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་ལྷུགས་པོ་གནང་བ་དང་། བགྲོ་གླེང་ཐོག་སྤྱི་འཐུས་རྣམ་པས་གཙོ་བོ་བོད་ཀྱི་བརྙན་འཕྲིན་ཚན་པ་ནས་བརྙན་འཕྲིན་བརྒྱུད་ཆོས་བརྒྱུད་ཁག་ངོ་སྤྲོད་གནང་ཕྱོགས་ཀྱི་ལས་གཞིའི་སྐོར་དང་། ཨོ་སི་ཀྲོ་ལི་ཡའི་དོན་གཅོད་ཁང་ནང་རྒྱ་རིགས་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་ཐུབ་དགོས་གལ། དྲྭ་རྒྱའི་བདེ་འཇགས་སྐོར་སོགས་ཀྱི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བར། དཔལ་ལྡན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༠་་་༢༡ ལོའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་མཇུག་བསྒྲིལ་གནང་ཡོད་པ་བཅས། །