སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བརྒྱད་པའི་གནས་ཚུལ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༦ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་གྱི་སྔ་དྲོ་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དབུ་བཞུགས་དང་། ཉིན་རྒྱབ་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བརྒྱད་པ་ཚོགས་གནང་སོང་།

དེ་ཡང་སྔ་དྲོ་ཐོག་མར། ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། གཏན་འབེབས་གནང་འགོ་བཙུགས་ཤིང་། དཔལ་འབྱོར་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ་སྔོན་རྩིས། དཔལ་འབྱོར་བོད་མིའི་བདེ་དོན་ལྷན་ཚོགས་ཀྱི་ཟུར་བཀོལ། དཔལ་འབྱོར་ཡིད་ཆེས་དགེ་རྩའི་ཟུར་བཀོལ། དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས། ལས་བྱེད་གསོལ་ཚང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས། ཆོས་རིག་ལས་ཁུངས་ཀྱི་དམིགས་བསལ་སྔོན་རྩིས་བཅས་སྤྱི་མོས་དང་། ཟུར་བཀོལ་སྔོན་རྩིས་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་སོང་།

དཔལ་འབྱོར་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག སྤྱི་འཐུས་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་བབ་དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ཐོག་ནས་ཕྱིའི་རོགས་དངུལ་ཐད་ཀར་ལེན་ཐུབ་མིན། ཁྱད་ལས་ལས་བྱེད་དང་བོད་མི་ཆེད་ལས་མི་སྣ་གསོ་སྐྱོང་གི་གལ་གནད། བོད་པའི་ཚོགས་པ་ཁག་ལ་རྒྱ་གར་གཞུང་གི་ཁྲིམས་སྒྲིག་ཟབ་སྦྱོང་སྐོར། བོད་མིའི་ཁྱད་ལས་དྭང་བླངས་ཞབས་ཞུའི་ལས་གཞི། བུད་མེད་ནུས་སྟོབས་གོང་སྤེལ་དང་སྲ་བརྟན་ལས་གཞི་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བར། དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་།

དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་ཐོག སྤྱི་འཐུས་རྣམ་པས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་སླད་ཐད་འཕུར་གནམ་གྲུ་གོ་སྒྲིག་ཞུ་ཐུབ་དགོས་གནད་དང་། ནོར་བུ་གླིང་ཁའི་ད་ལྟའི་གནས་བབ་སྐོར། རིས་མེད་བགྲོ་གླེང་དང་། གྲངས་འཛིན་དཔེ་མཛོད་ལས་གཞིར་བསྔགས་བརྗོད་དང་འབྲེལ་མུ་མཐུད་རྒྱུན་མཐུད་གནང་ཐུབ་དགོས་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་གཞུང་ནས་ངན་བྱུས་བཏིང་དང་འདིང་བཞིན་པར་ཐུགས་འཚབ་དང་གདོང་ལེན་གནང་ཕྱོགས། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་དང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དབར་གྱི་འབྲེལ་བ། མཚོ་པདྨ་དབུ་རྩེ་རི་ཁྲོད་ལ་བཞུགས་མཁན་རྣམས་ཀྱི་དཀའ་ངལ་སེལ་ཐབས། དགེ་འདུན་དང་བཙུན་མ་རྣམས་སྨན་བཅོས་བལྟ་སྐྱོང་ལས་གཞིའི་འོག་ཚུད་མིན། དཔལ་༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་ལ་གདན་འདྲེན་ཞུ་ཐབས་སུ་འབད་བརྩོན་ཇི་གནང་། སྒྲིག་ཁོངས་ནང་མེད་པའི་གྲྭ་བཙུན་རྣམས་ཀྱི་འཕྲོད་བསྟེན་ཐོག་ལྟ་རྟོག་གནང་དགོས་སྐོར། དཔེ་ཁྲིད་དགེ་རྒན་རྣམ་པར་མུ་མཐུད་གཟིགས་རྟོག་གནང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་དང་འབྲེལ་བའི་ཐོག་དོགས་འདྲི་དང་། དགོངས་ཚུལ་ཕུལ་བར། དཔལ་ལྡན་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།