༄༅། །དེ་རིང་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་ལ་ཆིབས་བསྒྱུར་གནང་མཁན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་དཔལ་ལྡན་བཀའ་བློན་རྣམ་པ་དང་། དེ་ག་ནང་བཞིན་དཔལ་ལྡན་ཚོགས་གཙོ་གཞོན་པས་དབུས་པའི་བཀུར་འོས་སྤྱི་འཐུས་རྣམ་པ་ཡོངས་ལ་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་ནས་དེ་རིང་ང་ཚོའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ཚོགས་མི་ནང་ནས་སྤྱི་འཐུས་གཅིག་ཙམ་མ་གཏོགས་སྤྱི་འཐུས་ཚང་མ་མཉམ་ཞུགས་ཞུ་ཐུབ་ཡོད་ཅེས་སྙན་སེང་ཞུ་རྒྱུ་ཡིན། དེ་རིང་ང་ཚོའི་གྲོས་ཚོགས་ཚོགས་ཐེངས་གཉིས་པའི་ལས་རིམ་ལྟ་བུ་ཡིན་ན། དང་པོ་དེར་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཁག་ཅིག་དང་། དེ་བཞིན་གདུང་སེམས་མཉམ་བསྐྱེད། སྤྱི་ཡོངས་ཀྱི་ལས་བསྡོམས་བཅས་ཆགས་བསྡད་ཡོད། མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ནང་ལ་ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༢༥ ཉིན་བོད་ནང་དུ་གཞས་པ་ཚེ་དབང་ནོར་བུས་རང་ལུས་མེར་བསྲེགས་བཏང་ནས། ད་ལྟའི་ཆར་ཁོ་རང་འདས་གྲོངས་སུ་འགྱུར་བ་གསལ་པོ་ཤེས་རྟོགས་ཡོང་གི་འདུག ཁོང་གི་ཆེད་དུ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གཅིག་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཉེ་བའི་གྲོགས་པོ་དང་། དེ་བཞིན་བོད་དོན་ཐོག་ལ་རྒྱབ་སྐྱོར་གནང་མཁན་ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་སྐུ་ཚེ་འཕེན་པ་རྫོགས་པ་དེའི་ཆེད་དུ་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་ཁུར་ཡོད། དེ་བཞིན་ང་ཚོའི་གནས་ཡུལ་མངའ་སྡེའི་གཞུང་གི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ར་ཇཱ་ཝིར་བྷདྲཱ་སིངྒ་མཆོག དངོས་གནས་བྱས་ན་ཁོ་རང་འདས་གྲོངས་ཟིན་ནས་དུས་ཚོད་གང་ལ་གང་འཚམ་ཕྱིན་ཡོད་པ་རེད། ང་ཚོའི་གྲོས་ཚོགས་ཚོགས་དུས་དང་པོའི་སྐབས་སུ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཁུར་དགོས་རྒྱུའི་གནས་སྟངས་ཆགས་ཡོད་པ་རེད། ཡིན་ནའང་སྐབས་དེ་དུས་ང་ཚོས་དྲན་གསོ་ཞུ་རྒྱུ་དང་། དེ་འདྲའི་ཐོག་ནས་བྱུང་མེད་པའི་གནས་སྟངས་ཤིག་ཆགས་བཞག དེ་ཡིན་དུས་དེ་རིང་ང་ཚོས་ཁོང་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཅིག་ཁུར་བའི་གནས་སྟངས་ཤིག་ཡིན། དེ་བཞིན་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་ལགས། དེ་ག་ནང་བཞིན་སྤྱི་འཐུས་ཟུར་པ་འབྲོག་སྨད་ཚེ་བརྟན་ནོར་བུ་ལགས། ཁོང་རྣམ་པའི་ཆེད་དུ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་རིམ་པ་ཞིག་ཡོང་གི་ཡོད། དེ་གཅིག་ཞུ་རྒྱུ་ཡིན།
དེ་བཞིན་ང་ཚོའི་ལས་རིམ་གལ་ཆེ་བ་གཅིག་དེ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་རེད། ཕྱི་ལོ་ ༢༠༠༨ ནས་བཟུང་སྟེ་ད་ལྟ་བར་དུ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་ཚོགས་དུས་ཉིན་དང་པོའི་ཐོག་ལ་དུས་རྟག་ཏུ་ཡོང་བསྡད་པའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། དེའི་ནང་དོན་དེ་དག་ཧ་ཅང་གི་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཐོག་ནས་ཡིན་ནའང་འདྲ། རྒྱ་ནག་གི་གནས་སྟངས་ཀྱི་ཐོག་ནས་ཡིན་ནའང་འདྲ། ལྷག་པར་དུ་བོད་ནང་གི་གནས་སྟངས་ཀྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་རེད། དེ་བཞིན་ཁོར་ཡུག་རེད། ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་རེད། དེ་བཞིན་བོད་ཀྱི་གཞི་རྩའི་རང་དབང་གི་གནས་བབ་མང་པོ་ཞིག་གི་ཐོག་ནས་ང་ཚོས་གླེང་སློང་ཡོང་གི་ཡོད་པ་རེད། དེ་ཡིན་དུས་བཀུར་འོས་སྤྱི་འཐུས་མང་པོ་ཞིག་ནས་དེའི་ཐོག་ལ་ཏན་ཏན་ཐུགས་སྣང་གནང་གི་རེད་ལ། དེ་གལ་ཆེན་པོ་ཞིག་ཀྱང་ཆགས་བསྡད་ཡོད་རེད་ཅེས་སྙན་སེང་ཞུ་རྒྱུ་ཡིན།
དེ་རིང་ང་ཚོའི་ལས་རིམ་ཐོག་ནས་དུས་ཚོད་མང་བ་གཏོང་ས་དེ། ལས་བསྡོམས་ཀྱི་གྲོས་ཚོགས་ཆགས་བསྡད་ཡོད་པ་རེད། རྩ་བའི་ལས་བསྡོམས་དེ་བཀའ་ཤག་གོང་མའི་ལས་བསྡོམས་ཆགས་བསྡད་ཡོད་པ་རེད། ཡིན་ནའང་བར་སྐབས་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་ཤིག་གི་ཐོག་ནས་དེ་ད་ལྟ་བར་དུ་བསྐྱང་མ་ཐུབ་པའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་ང་ཚོའི་འགྲོ་སྟངས་ཀྱི་ཐོག་ནས་དེའང་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བ་ཆགས་བསྡད་ཡོད་དུས། ང་ཚོས་འདི་གཙང་མ་ཞིག་ཡོང་ཐུབ་ན་བསམས་ནས་དེ་རིང་ང་ཚོས་ལས་བསྡོམས་གྲོས་ཚོགས་དེ་དུས་ཚོད་ཐུང་ཐུང་ཞིག་ནང་དུ་གཙང་མ་བཟོ་ཐུབ་རྒྱུའི་འབད་བརྩོན་ཞུས་ནས་དེ་བསྣམས་ཡོང་བ་ཞིག་རེད། དེ་ཡིན་དུས་ལས་བསྡོམས་འདི་ཕྱི་ལོ་ ༢༠༢༠༌༌༌༢༠༢༡ གི་ལས་བསྡོམས་ཆགས་བསྡད་ཡོད་པ་རེད། དེ་ཡང་ལྷན་ཁང་ཁག་བདུན་གྱི་ལས་བསྡོམས་ཕེབས་ཀྱི་ཡོད་རེད། དེ་ཚོའི་ཐོག་ལ་དྲི་བ་དྲིས་ལན་རེད། གསལ་བཤད་ཞུ་དགོས་རྒྱུ་རེད། དེ་འདྲ་ཡོང་རྒྱུའི་གནས་སྟངས་ཤིག་དང་། དེ་ནས་གྲོས་ཚོགས་གཞུག་མ་དེ་དུས་ཚོད་མི་རིང་བ་ཞིག་ལ་བསླེབ་ཡོང་དུས། སྤྱི་ཡོངས་ཀྱི་ད་ལྟའི་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་དང་འབྲེལ་བ་དེ་འདྲའི་ཐོག་ནས་གླེང་སློང་ཞུ་རྒྱུའི་གོ་སྐབས་ལས་ཁུངས་གོ་རིམ་བཞིན་དུ་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་དེ་ཚོའི་གྲས་དེ་བཀུར་འོས་སྤྱི་འཐུས་རྣམ་པས་མཁྱེན་པ་གནང་དགོས་པར་སོང་། དེ་འདྲ་ཞིག་ཡིན།
དེ་ནས་བར་སྐབས་ཆབ་སྲིད་ཀྱི་གནས་སྟངས་ཐོག་ལ་ཉེ་ཆར་སྤྱི་འཐུས་ལྷན་ཚོགས་ཀྱི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་དང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་གསུང་བཤད་ཕེབས་ཚར་ཙམ་རེད། དེ་ཡིན་དུས་སྤྱི་འཐུས་ལྷན་ཚོགས་ཀྱི་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དེ་མཇུག་ལ་ཡོང་གི་ཡོད་པ་རེད། ཆབ་སྲིད་ཀྱི་གནས་སྟངས་མང་པོ་ཞིག་ང་རང་ཚོའི་གནས་བབ་དང་འབྲེལ་བའི་ཐོག་ནས། དེ་འདྲ་ཡོང་བསྡད་རྒྱུའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། ཡིན་ནའང་གྲོས་ཚོགས་སུ་དང་པོ་ལྷང་ཙམ་ཞུ་དགོས་རྒྱུ་ཞིག་ལ། ཉེ་ཆར་ཁམས་བྲག་མགོའི་གནས་སྟངས་དེ་ཧ་ཅང་ཛ་དྲག་ཆེ་བ་ཞིག་ཆགས་བསྡད་འདུག ཐུབ་པའི་སྐུ་བརྙན་གཏོར་བ་དང་། རྗེ་བཙུན་བྱམས་པ་མགོན་པའི་སྐུ་བརྙན་གཏོར་བ། གུ་རུའི་སྐུ་བརྙན་གཏོར་བ། མཆོད་མེ་ལྷ་ཁང་གཏོར་བ། དེ་དང་འབྲེལ་ཆགས་ཀྱི་མི་མང་པོ་ཞིག་བཀག་ཉར་དང་འཛིན་བཟུང་བྱས་པའི་གནས་སྟངས། ད་ལྟ་ཡིན་ནའང་ཛ་དྲག་གི་གནས་སྟངས་འགྲོ་བཞིན་པ་ཆགས་བསྡད་འདུག
དེ་བཞིན་ང་ཚོའི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས། ཁོ་རང་གིས་བོད་བསྟན་སྲིད་དང་འབྲེལ་བའི་ཕྱག་ལས་ཤུགས་ཆེན་པོ་གནང་ཡོད་པ་རེད། དེ་བཞིན་རྩོམ་གྱི་ཐོག་ནས་ཡིན་ནའང་འདྲ། གསུང་བཤད་གནང་རྒྱུའི་ཐོག་ནས་ཡིན་ནའང་འདྲ། གང་ལྟར་ང་ཚོའི་སྤྱི་ཚོགས་ནང་དུ་ནུས་པ་ཐོན་པའི་གནད་ཡོད་མི་སྣ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ལའང་རྒྱ་མིས་མ་ཉེས་ཁ་ཡོག་གི་ཐོག་ནས་འཛིན་བཟུང་བྱས། ད་ལྟ་ལོ་བཅུའི་ཁྲིམས་ཐག་བཅད་པའི་གནས་སྟངས་ཆགས་བསྡད་འདུག
དེ་བཞིན་གོང་དུ་ཞུས་མ་ཐག་ཡིན། པོ་ཏཱ་ལའི་མདུན་ཐང་དུ་གཞས་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས་དེ་འདྲ་ཆགས་བསྡད་འདུག དེ་བཞིན་གསུམ་བཅུ་དུས་དྲན་གཡས་གཡོན་ནང་བོད་ནང་དུ་བཀག་འདོམས་དང་། ཛ་དྲག་གི་གནས་སྟངས་ཧ་ཅང་གི་ཤུགས་ཆེན་པོ་རེད་འདུག དེ་ཚོའི་ཐོག་ལ་ང་ཚོས་ཐུགས་དྲན་གསོ་ཐུབ་དགོས་རྒྱུ་དང་། དེ་དང་འབྲེལ་བའི་ཐོག་ནས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་རེད། ང་ཚོས་མཐོང་བསྡད་རྒྱུ་དང་རིག་བསྡད་རྒྱུའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ལའང་འགྱུར་བ་འགྲོ་བཞིན་པའི་སྐབས་རྒྱ་ནག་གི་ཆབ་སྲིད་ལའང་རང་བཞིན་གྱིས་ཤུགས་མ་ཐུབ་ཀྱི་འབྲེལ་བ་ཆགས་བསྡད་པ། དེ་འདྲའི་འགྱུར་བ་འགྲོ་དགོས་རྒྱུའི་གནས་སྟངས་དེ་འདྲ་ཆགས་བསྡད་ཡོད་རེད། ཡིན་ནའང་རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཀྱི་དབུ་འཛིན་དེའི་གནས་སྟངས་དེ་ཚོ་ཕྱི་ལོ་ ༢༠༢༢ ནང་དུ་འགྱུར་བ་འགྲོ་རྒྱུའི་རིགས་གཅིག་ཡོང་གི་ཡོད་པ་རེད། འགྱུར་བ་མེད་པར་མུ་མཐུད་ནས་གཙོ་འཛིན་གནང་ནས་སྡོད་ཀྱི་རེད་ཟེར་ནས་གླེང་སློང་ཡོང་གི་ཡོད་པ་རེད། དེ་འདྲའི་ཐོག་ནས་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་རེད། ཆབ་སྲིད་ཀྱི་གནས་སྟངས་རེད། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རེད། དེ་ཚོའི་ཐོག་ལ་ང་ཚོས་ཐུགས་སྣང་གནང་ནས། དེ་དང་འབྲེལ་བའི་ཐོག་ནས་ང་ཚོས་བོད་ནང་གི་གནས་སྟངས་དེ་རྒྱལ་སྤྱིའི་ནང་དུ་ཞུ་གཏུག་གནང་དགོས་རྒྱུ། བོད་མི་སྒེར་སོ་སོའི་ངོས་ནས་དེ་དང་འབྲེལ་བའི་ཐོག་ནས་ཞུ་གཏུག་གི་ལས་འགུལ་ཡིན་ནའང་འདྲ་འདུག སོ་སོས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ག་རེ་སྤེལ་ནའང་། སྐབས་དང་དུས་ལ་འཚམ་པ་ཞིག་ཡོང་ཐུབ་རྒྱུ་ཞིག ང་ཚོའི་ངོས་ནས་གོ་སྐབས་དེ་འཛིན་ཐུབ་རྒྱུ་དེ་གནས་སྟངས་གལ་ཆེན་པོ་ཞེ་དྲག་ཆགས་བསྡད་ཡོད་པ་རེད། དེ་འདྲའི་ཐོག་ནས་དེ་རིང་ལྷང་ཙམ་ཞིག་ཞུས་ན་བསམས་སོང་།
འདས་པའི་དུས་ཚོད་ནང་དུ་གནད་དོན་ཆེ་ཁག་གསུམ་འདྲ་པོ་ཞིག་རྣམ་པ་ཚོར་དྲན་གསོ་ཞུས་ན་བསམས་བྱུང་། དང་པོ་དེ་ག་རེ་ཡིན་ཞུས་ན། ཕྱི་ཟླ་ ༡༢ ནང་དུ་དྷ་ས་ཊ་པུ་ཝན་དུ་ཧི་མ་ཅཱལ་གྲོས་ཚོགས་ཚོགས་པ་རེད། སྐབས་དེ་དུས་ཧི་མ་ཅཱལ་གྱི་ཤིང་ནགས་བློན་ཆེན་སྐུ་ཞབས་ར་ཀེཤ་པཱ་ཐཱ་ནཡེ་ (Rakesh Pathania) ལགས་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་རེད། བཀུར་འོས་སྤྱི་འཐུས་རྒྱུན་ལས་རྣམ་པ་རེད། དྷ་རམ་ས་ལར་བཞུགས་མཁན་སྤྱི་འཐུས་རྣམ་པ་རིགས་ཤིག་མ་གིར་ཧི་མ་ཅཱལ་གྲོས་ཚོགས་ནང་དུ་མགྲོན་འབོད་ཞུས་པ་དང་། མགྲོན་འབོད་གནང་བ་ཙམ་དུ་མ་ཟད། ཧི་མ་ཅཱལ་གྲོས་ཚོགས་ནང་དུ་གདན་འདྲེན་ཞུས་ཏེ། ཚང་མར་ངོ་སྤྲོད་གནང་ནས། མངའ་སྡེའི་གྲོས་ཚོགས་ནང་དུ་ཚང་མར་འགྲེལ་བཤད་གནང་རྒྱུ་དང་། དེ་བཞིན་གཞུང་འཛིན་ཆབ་སྲིད་ཚོགས་པ་ཡིན་ནའང་འདྲ་འདུག ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཡིན་ནའང་འདྲ། ང་རང་ཚོར་ཚང་མས་རྒྱབ་སྐྱོར་གྱི་ཐོག་ནས་ཕྱག་བརྡབ་པ་དང་། ང་ཚོའི་མཉམ་དུ་གསོལ་ཚིགས་མཆོད་པ། སྐུ་པར་བསྒྲོན་པ། འདས་པའི་ལོ་རྒྱུས་ནང་དུ་གང་ལ་གང་འཚམ་ཞིག རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་རེད། དེ་བཞིན་ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་ཐུགས་འགན་བཞེས་པའི་ཐོག་ནས། ང་ཚོའི་འབྲེལ་བ་དེ་ཤུགས་ཆེ་རུ་དང་། གང་ལྟར་གནས་བབ་དེ་ཕན་ཚུན་ཆེ་མཐོང་དང་ལྡན་པའི་ཐོག་ནས། ང་ཚོའི་བོད་དོན་བདེན་མཐའ་མ་གསལ་བའི་བར་དུ་གནས་དགོས་དུས། ཆེ་མཐོང་དང་ལྡན་པའི་ཐོག་ནས་གནས་ཐུབ་པ་ཡིན་ན། ང་རང་ཚོའི་ངོས་ནས་གནས་བབ་དེ་སྲུང་སྐྱོབ་བྱེད་ཐུབ་པ། སྤྱི་ཚོགས་གཞན་ནས་ཡིན་ནའང་ང་ཚོར་ཆེ་མཐོང་སླེབས་ཐུབ་པ། དེ་འདྲའི་གནས་སྟངས་གལ་ཆེན་པོ་ཡིན་དུས། དེ་རིང་འདིར་ཤིང་ནགས་བློན་ཆེན་མཆོག་རེད། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་རེད། འབྲེལ་ཡོད་ཚང་མར་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུའི་གོ་སྐབས་ཤིག་ཟིན་ན་བསམས་སོང་།
དེ་བཞིན་གནད་དོན་གཉིས་པ་དེ། རྩ་བའི་ང་ཚོའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། ཧ་ལམ་ལུང་པ་ཉི་ཤུ་ལྷག་ཙམ་ལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཡོད་པ་རེད། དེ་བཞིན་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བདུན་ཅུ་དོན་གྲངས་ནས་འགོ་བཙུགས་ནས་སླེབས་བསྡད་པའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། ཡིན་ནའང་བར་སྐབས་ནད་ཡམས་དང་། འོས་བསྡུའི་དུས་ཚོད་ཁེལ་ནས་བསྐྱར་གསོ་མ་ཐུབ་པ་དེ་འདྲ་ཆགས་བསྡད་ཡོད་པ་རེད། དེ་འདྲའི་གོ་སྐབས་དེ་ང་ཚོས་མུ་མཐུད་ཐུབ་དགོས་རྒྱུ། སྲུང་སྐྱོབ་བྱེད་ཐུབ་དགོས་རྒྱུའི་གནས་སྟངས་ཆགས་བསྡད་དུས། ང་ཚོའི་རྒྱུན་ལས་ཀྱི་ཐོག་ནས་སྐུ་ཚབ་འཐུས་མི་གྲངས་ ༥ ཆེད་མངགས་ལྡི་ལིར་ཕེབས་ནས། གྲོས་ཚོགས་ཀྱི་ཞུ་གཏུག་གནང་རྒྱུ། དེའི་ཐོག་ནས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་ཡོང་ཐུབ་པ་དང་། རྒྱ་ནག་གཞུང་ཚབ་ནས་ང་ཚོ་འབྲེལ་བ་ཡོད་པའི་མི་སྣ་མང་པོ་ཞིག་ལ་ཡི་གེ་བཏང་། དེའི་ཐོག་ནས་རྒྱ་གར་གྱི་བརྒྱུད་ལམ་ཁག་མང་པོའི་ནང་དུ་གླེང་སློང་ཤུགས་ཆེན་པོ་དེ་འདྲ་ཆགས་བསྡད་ཡོད་པ་རེད། གནད་ཡོད་མང་པོ་ཞིག་གིས་ཐུགས་སྣང་གནང་དགོས་པའི་གནས་སྟངས་དེ་འདྲ་ཆགས་སོང་། སྐབས་དེ་དུས་བཅར་མཁན་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམ་པས་གསུང་བཤད་གནང་བ། དེ་བཞིན་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ཐོག་ནས་དྲི་བར་ལན་འདེབས་གནང་བའི་ཐོག་ནས། བོད་དོན་གྱི་ཐོག་ལ་མུ་མཐུད་རྒྱ་གར་གྱི་ཐོག་ནས་རྒྱབ་སྐྱོར་དེ་ཤུགས་ཆེ་རུ་ཡོང་ཐུབ་རྒྱུར། ང་ཚོའི་ངོས་ནས་འབྲེལ་མཐུད་ཞུ་ཐུབ་རྒྱུ་དང་། རྒྱ་གར་གཞུང་དང་མང་ཚོགས། གྲོས་ཚོགས་ཀྱི་ཐོག་ནས་མུ་མཐུད་ནས་བོད་དོན་གྱི་ཐོག་ལ་ཐུགས་སྣང་གནང་ཐུབ་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་གོ་སྐབས་དེ་འདྲ་ཞིག་བསྐྲུན་སོང་བསམ་པའི་ཚོར་སྣང་ཞིག་བྱུང་སོང་། དེ་འདྲ་ཡིན་དུས་རྒྱ་གར་གཞུང་ལྟ་བུ་ཡིན་ན། བོད་དོན་རྒྱབ་སྐྱོར་ལ་མེད་དུ་མི་རུང་བའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། རྩ་བའི་རྒྱལ་ཁབ་ཚང་མ་གལ་ཆེན་པོ་ཡིན་པ། གཅིག་ལས་གཅིག་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད་དེ། རྒྱ་གར་གཞུང་དང་གྲོས་ཚོགས་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་དུས། ང་རང་ཚོས་མ་འོངས་པར་ཡིན་ནའང་འབྲེལ་ལམ་དམ་ཟབ་མཐུད་ཐུབ་རྒྱུ་དང་། ང་ཚོས་ཞུ་གཏུག་གནང་ཐུབ་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་གཅིག་ཞུ་རྒྱུ་ཡིན།
དེ་ནས་གནད་དོན་གསུམ་པ་དེ། རྒྱ་གར་རྗེས་ལ་ང་ཚོར་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་ཨ་རིའི་གཞུང་ཆགས་བསྡད་ཡོད་པ་རེད། ཨ་རིའི་གཞུང་གིས་ཁྲིམས་ཡིག་གཏན་འབེབས་གནང་བ། དེ་བཞིན་ད་ལྟ་ངས་ཞུ་རྒྱུ་གཙོ་བོ་དེ་ག་རེ་ཆགས་ཀྱི་འདུག་ཟེར་ན། ཨ་རིའི་གཞུང་གི་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) མཆོག་བསྐོ་གཞག་གནང་བ། ཁོང་གི་ཡིན་ནའང་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་མུ་མཐུད་ནས་གནང་གི་ཡོད་པ། དེ་བཞིན་ཨ་རིའི་གཞུང་གི་ཁྲིམས་ཡིག་གཏན་འབེབས་གཞིར་བཟུང་གི་ཐོག་ནས། ཨ་རིའི་གཞུང་གིས་བོད་དང་རྒྱ་ནག་དབར་འབྲེལ་མོལ་ཡོང་ཐུབ་རྒྱུ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གོམས་གཤིས། ངོ་བོ་དེ་ཚོ་མ་བརླག་པའི་ཐོག་ནས་ཨ་རིའི་གཞུང་གིས་ཡིན་ནའང་མཐུན་འགྱུར་ཤུགས་ཆེན་པོ་གནང་གི་ཡིན་ཞེས་ཞལ་བཞེས་གནང་བ་གཞིར་བཟུང་གི་ཐོག་ནས། ང་ཚོས་སྐབས་དེ་དུས་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་ཕུལ་ཡོད་པ་རེད། དེའི་ལན་དུའང་འཛིན་སྐྱོང་བཀའ་ཤག་ཡིན་ནའང་འདྲ་འདུག གྲོས་ཚོགས་ལ་ཡིན་ནའང་འདྲ། ལན་ཁ་གསལ་པོ་ཞེ་དྲག་ཚུར་གནང་ཡོད་པ་རེད། དེ་རིང་གོ་སྐབས་འདིའི་བརྒྱུད་ནས་ཨ་རིའི་གཞུང་དང་། དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མཆོག་རེད། རྣམ་པ་ཚོ་དང་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཞིག་དང་། ང་རང་ཚོས་མ་འོངས་པར་གནས་སྟངས་དེ་ཚོའི་གྲས་མུ་མཐུད་ནས་གོ་སྐབས་འཛིན་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་འདུག དེ་གཅིག་ཞུ་རྒྱུ་ཡིན།
དེ་བཞིན་ང་རང་ཚོའི་གྲོས་ཚོགས་ཀྱི་ལས་རིམ་ནང་དུ་ཆ་ཤས་བཞེས་ཕྱོགས། གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་རེད། གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་ཟེར་དུས་དེའི་ནང་དུ་འཛིན་སྐྱོང་བཀའ་ཤག་རེད། གྲོས་ཚོགས་ཀྱི་འཐུས་མི་ཚང་མ་ཚུད་བསྡད་ཡོད་པ་རེད། དེ་ཡིན་དུས་གནད་དོན་མང་པོའི་ཐོག་ལ་གླེང་སློང་ཡོང་གི་ཡོད་པ་རེད། གླེང་སློང་ཡོང་བའི་སྐབས་སུ་གཙོ་བོ་ང་ཚོའི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་ཕེབས་དགོས་ཀྱི་ཡོད་རེད། ཡིན་ནའང་བཀའ་མོལ་གསུང་ཕྱོགས་རེད། སྤྱི་ཚོགས་ཀྱི་གནད་དོན་དེ་འདྲ་གྲོས་ཚོགས་ནང་དུ་གླེང་སློང་བྱེད་ཕྱོགས་ཀྱི་ཐོག་ནས། མཚམས་རེར་ཚིག་ཆ་བེད་སྤྱོད་གཏོང་སྟངས། དེ་བཞིན་སྐུ་གཟུགས་ཀྱི་རྣམ་འགྱུར་འདོན་སྟངས། དེ་ཚོ་གྲས་ཏོག་ཙམ་ཐལ་ཆ་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོས་ཐོག་མར་འབོད་སྐུལ་ཞུ་རྒྱུར། ང་ཚོས་ཚུལ་དང་མཐུན་པ། རྒྱུ་མཚན་དང་ལྡན་པ། ཡག་པོ་ཞིག་ཡོང་ཐུབ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། རྩ་བའི་གྲོས་ཚོགས་ཀྱི་ཆེ་མཐོང་དང་། གྲོས་ཚོགས་ཀྱི་བཟང་སྤྱོད་ཟེར་དུས་ཚོགས་གཙོ་ཚོགས་གཞོན་གཅིག་པུའི་ཡོང་ཐུབ་རྒྱུ་མེད་པའི་གནས་སྟངས་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས་བཀུར་འོས་སྤྱི་འཐུས་རྣམ་པ་རེད། འཛིན་སྐྱོང་བཀའ་ཤག་རེད། ཚང་མ་དང་འབྲེལ་བ་ཆགས་བསྡད་དུས། ཚང་མའི་ཐོག་ནས་ནུས་པ་མཉམ་སྤུངས་དང་ཕྱར་གྲུ་མཉམ་འདེགས་གནང་རོགས་ཟེར་ནས་འབོད་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་ཡིན།
དེ་ནས་ངས་ཚོགས་གཙོའི་ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་འདི་ནས་མཇུག་བསྡུས་པ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བས་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།