སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་མཇུག་བསྒྲིལ་བ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༡ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༡༠ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་  ༡༡།༡༥ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་མཐའ་མ་ཚོགས་གནང་ཡོད།

དེ་ཡང་སྔ་དྲོ་ཐོག་མར་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞུང་འབྲེལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་ཞིག་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་སྙན་སྒྲོན་གནང་བར།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་སྟེ། སྤྱི་མོས་ཐོག་གཏན་འབེབས་གནང་།

དེ་རྗེས་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་ཟིན་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་།

བཀའ་ཤག་གི་གསལ་བཤད་གནང་བའི་དོན་གནད་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་ངེས་བྱུང་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་གིས་སྙན་སྒྲོན་གནང་བར།

སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་རྒྱབ་སྐྱོར་གནང་རྗེས་མང་མོས་ཐོག་གཏན་འབེབས་གནང་། དེ་ནས་སྤྱི་འཐུས་རྣམ་པས་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཐོག་བགྲོ་གླེང་གནང་རྗེས། སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

མཐའ་མར། ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་ནས་དགོངས་ཤོག་ཁག་སྙན་སྒྲོན་ཞུས་གནང་གྲུབ་མཚམས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཚོགས་དུས་དང་པོའི་མཇུག་བསྡོམས་གསུང་བཤད་གནང་རྗེས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་གྲོལ་བའི་གསལ་བསྒྲགས་གནང་སྟེ། ཚོགས་འདུ་མཇུག་སྒྲིལ་གནང་ཡོད་པ་བཅས། །

Menu