སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དབུ་འཛུགས་གནང་བ།

 

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་ཚོགས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱིས་གསལ་བསྒྲགས་དང་འབྲེལ། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སོང་།

དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་དགུ་པ་དང་། བཅུ་དྲུག་གཞིར་བཟུང་། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་གྲུབ་མཚམས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་དགའ་བསུའི་འཚམས་འདྲི་ཞུས་གནང་སོང་།

དེ་ནས་སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག་གིས་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་དང་། སྙན་གྲགས་ཅན་གྱི་རྩོམ་པ་པོ་སྐུ་ཞབས་ན་རེ་ཤི་མ་ཐུར་ (Shri Naresh Mathur ji) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་བ་དང་།

དེ་བཞིན་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྐུ་ཞབས་དྷ་ཝར་ཀོ་སན་ཌར་ནི་ (Shri Dwarko Sundrani) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་རྒྱ་གར་གཞུང་གི་ཁྲིམས་དོན་སྤྱི་ཁྱབ་ཟུར་པ་སྐུ་ཞབས་སོ་ལི་སོ་རབ་ཇི་ (Soli Sorabjee, Former Solicitor General and Attorney General Of India) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།

སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གིས་ལག་ནའོ་གྲོང་ཁྱེར་སྤྱི་ཁྱབ་ཟུར་པ་འབུམ་རམས་པ་སྐུ་ཞབས་ཌའོ་ཇི་གྷུབ་ཏ་ (Dr.Dauji Gupta,Former Mayour of Lucknow) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།

སྤྱི་འཐུས་དགེ་བཤེས་གངས་རི་མཆོག་གིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། ར་ཤི་ཏི་ཡ་ལོག་དྷལ་ (Rashtriya Lok Dal) སྲིད་དོན་ཚོགས་པའི་དབུ་འཁྲིད་སྐུ་ཞབས་དམ་པ་ཅོ་དཱ་རི་ཨ་ཇིཏ་སིངྒ་ (Chaudhary Ajit Singh) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།

སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་སྤྱི་ཟུར་རྒྱལ་ནོར་ཚེ་དབང་མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།

སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་སྤྱི་ཟུར་བདེ་སྐྱིད་སྒྲོལ་དཀར་མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།

སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་གིས་ཨེལ་སལ་ཝེ་ཌོར་ (El Salvador) རྒྱལ་ཁབ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་ཁྲིམས་རྩོད་པ་གྲགས་ཅན་སྐུ་ཞབས་ཨེལ་ཧྤི་རེ་ཌོ་མར་ཊི་ནེ་ཛི་མོ་རེ་ནོ་ (Dr.Alfredo Martinez Moreno) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཅས་བཏོན་གནང་རྗེས།

སྤྱི་འཐུས་ཚང་མ་སྐུ་བཞེངས་ཐོག་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས། ད་རེས་ཀྱི་གྲོས་ཚོགས་ནང་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁྱོན་ ༨ ཡོད་ཅིང་། དེ་ཡང་གྲོས་ཆོད་གྲོས་འཆར་ནང་སྤྱི་ཟུར་ ༢ དང་། རྒྱ་གར་གཙོས་པའི་ཕྱིའི་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་བ་གནད་ཡོད་མི་སྣ་ ༦ བཅས་ཡོད།

དེ་ནས་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་བོད་ནང་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་གསལ་བཤད་སྙན་སྒྲོན་གནང་བ་དང་། དེར་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་གཞུང་འབྲེལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་གནང་སོང་།

དེ་ནས་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་དང་པོ་དང་བརྗོད་པ་གཉིས་པའི་ལས་རིམ་ཐོག ཡིག་ཆ་ཨང་། ༡༣ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ།  ཞེས་པའི་ནང་གསེས་ ༢ པའི་ “ག” ཡི་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་མཆོག་གིས་སྙན་སྒྲོན་གནང་བར། སྤྱི་འཐུས་དགེ་བཤེས་གངས་རི་མཆོག་གིས་རྒྱབ་སྐྱོར་གནང་སྟེ། རིམ་བཞིན་བརྗོད་པ་དང་པོ་དང་། བརྗོད་པ་གཉིས་པའི་ཐོག་བགྲོ་གླེང་གནང་རྗེས། རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་ཐོབ་མེད།

ཉིན་རྒྱབ་གྲོས་ཚོགས་ཚོགས་ཐུན་བཞི་པར། བཀའ་བློན་འོས་འདེམས་ཀྱི་ལས་རིམ་ཐོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཅའ་ཁྲིམས་ལྟར་བཀའ་བློན་འོས་མིའི་མཚན་དང་ལོ་རྒྱུས་སྙིང་བསྡུས་རེ་སྤྱི་འཐུས་ལྷན་ཚོགས་སུ་སྒྲོགས་སྦྱང་གནང་བ་དང་། དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་མོས་ཐོག་འོས་འདེམས་དགག་བྱ་ཡོད་མེད་གཟིགས་པར། དགག་བྱ་བྱུང་སྟབས་ཁྲིམས་སྒྲིག་ལྟར་ངོ་ཡོད་སྤྱི་འཐུས་རྣམ་པས་གསང་བའི་འོས་བསྡུ་གནང་སྟེ། ནོར་འཛིན་སྒྲོལ་མ་ལགས་དང་། ལྕང་ར་ཐར་ལམ་སྒྲོལ་མ་ལགས། རྒྱ་རི་སྒྲོལ་མ་ལགས་བཅས་ལ་སྤྱི་འཐུས་ངོ་ཡོད་བརྒྱ་ཆ་ལྔ་བཅུ་ཡན་གྱིས་རྒྱབ་སྐྱོར་ཐོབ་རྗེས། དཔལ་ལྡན་ཚོགས་གཙོ་མཆོག་གིས་བཀའ་བློན་དུ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་བ་དང་། བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས་དང་། ཚུལ་ཁྲིམས་རྡོ་རྗེ་ལགས་གཉིས་ལ་སྤྱི་འཐུས་ངོ་ཡོད་བརྒྱ་ཆ་ལྔ་བཅུ་ཡན་གྱིས་རྒྱབ་སྐྱོར་ཐོབ་མེད་པ་བཅས། །