༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བཅུ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཅུ་གཉིས་པ་ཚོགས་གནང་ཡོད།
དེ་ཡང་སྔ་དྲོ་མུ་མཐུད་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་།
ཚོགས་དྲུང་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག
ཚོགས་མི་སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག
ཚོགས་མི་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་བཅས་ཀྱིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༠ པའི་སྙན་ཐོ་སྙན་སྒྲོན་གནང་བ་དང་།
གོང་གསལ་སྙན་ཐོ་སྙན་སྒྲོན་ཟིན་པར་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར།
སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་རྒྱབ་སྐྱོར་གནང་བ་དང་། དེ་ནས་སྤྱི་འཐུས་རྣམ་པས་དོགས་འདྲི་དང་དགོངས་ཚུལ་གནང་བ་ཁག་ལ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་།
དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། གྲོས་ཆོད་གྲོས་འཆར་དེར་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད། སྙན་ཐོའི་ནང་དབུས་ལས་ཁུངས་དང་། ས་གནས་འགོ་འཛིན་ལས་ཁུངས། མཉམ་འབྲེལ། སློབ་གྲྭ། འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་། ཚོགས་སྡེ་བཅས་ནས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་ལྟར་བཀའ་འཁྲོལ་མ་ཞུས་པར་སྔོན་རྩིས་བཀའ་འཁྲོལ་ལས་བརྒལ་བའི་གནད་དོན་ཁག་དང་། འཛིན་སྐྱོང་བཀའ་ཤག་ནས་ལས་ཁུངས་དང་། སྡེ་ཚན་ཁག་ནས་ཡོང་བསྡད་ཁག་མཇུག་སྐྱོང་གིས་རྩིས་གཙང་བཟོ་དགོས་པ། ས་གནས་ཁག་གི་ས་ཆ་རྣམས་དེབ་བསྐྱེལ་བྱས་ཏེ་ས་སྲུང་དགོས་གནས་སོགས་འཁོད་འདུག
དེ་ཉིན་ཆུ་ཚོད་ ༡༢།༠༠ ཐོག་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་གིས་སྟོང་པའི་དུས་ཚོད་བླངས་སོང་།
ཉིན་རྒྱབ་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོ་སྐྱོང་འོག་ཚོགས་ཐུན་བཞི་པར། ཁྲིམས་བཟོའི་ལས་དོན། བརྗོད་པ་དང་པོ་དང་། གཉིས་པའི་ཐོག་གཞུང་འབྲེལ་ཡིག་ཆ་ཨང་ ༤༩ པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས། དོན་ཚན་ང་གཉིས་པ། སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ཞེས་པའི་ནང་གསེས་ ༤ པའི་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་བཏོན་གནང་བར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོ་དང་། གཉིས་པའི་ཐོག་སྤྱི་མོས་ཐོག་གཏན་འབེབས་དང་། ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གསུམ་པའི་ཐོག་ཡིག་ཆ་ཨང་ ༥༠ པ། ༡) བཙན་བྱོལ་བོད་མིའི་བཅའ་ཁྲིམས། དོན་ཚན་བཞི་བཅུ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ། ༢) དོན་ཚན་ང་གཉིས་པ། སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ཞེས་པའི་ནང་གསེས་ ༤ པ། ༣) དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཞེས་པའི་ནང་གསེས་ ༡ པོ། ༤) དོན་ཚན་རེ་བདུན་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་། སྒྲིག་གཞི། ༥) དོན་ཚན་གོ་བདུན་པ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། འགན་དབང་ཞེས་པའི་ནང་གསེས་ ༡ པོའི་ “ཀ” ༦) དོན་ཚན་བརྒྱ་དང་གཅིག་འདེམས་བསྐོ་ལྷན་ཁང་གི་སྒྲིག་འཛུགས་ཀྱི་ནང་གསེས་ ༡ པོ། ༧) དོན་ཚན་བརྒྱ་དང་བདུན། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྒྲིག་འཛུགས་ཞེས་པའི་ནང་གསེས་ ༡ པོའི་ “ཀ” བཅས་དང་། དེ་བཞིན་གཞུང་འབྲེལ་ཡིག་ཆ་ཨང་། ༥༡ པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་དོན་བརྒྱད་པ། དགོངས་ཤོག་ཅེས་པའི་ནང་གསེས་ ༣ པ་དང་། གཞུང་འབྲེལ་ཡིག་ཆ་ཨང་། ༥༢ པ། བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པ། གཞུང་དོན་ཕྱོགས་བསྐྱོད་ཀྱི་འགྲིམ་འགྲུལ་འགྲོ་གྲོན་ཐོབ་ཐང༌། ཞེས་པའི་ནང་གསེས་ ༡ དང་། ༢། ༣། ༤ པ་བཅས་དང་། དོན་ཚན་བདུན་པ། སྤྱི་འཐུས་ཀྱི་མཚན་མཐོང་དོད་དང༌། ལས་དོད། ཉིན་དོད། དེ་བཞིན་གཞུང་དོན་ཕྱོགས་བསྐྱོད་ཀྱི་ལས་དོད་དང་ཉིན་དོད་ཐོབ་ཐང༌། ཞེས་པའི་ནང་གསེས་ ༡ པོ། གཞུང་འབྲེལ་ཡིག་ཆ་ཨང་། ༥༣ བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། དོན་ཚན་དྲུག་པ། ངེས་མེད་དགོས་དངུལ་ཞེས་པའི་ནང་གསེས་ ༢ པ་དང་། དོན་ཚན་བདུན་པ། ལོ་འཁོར་སྔོན་རྩིས་ཞེས་པའི་ནང་གསེས་ ༡ པོ་བཅས་ཀྱི་ཐོག་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གསུམ་པ་ཡོངས་སུ་གྲུབ་གནང་ཡོད།
སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་བགྲེས་པ་དང་། རྒྱ་གར་ཕྱི་སྲིད་ལྷན་ཁང་གི་ཁྲིམས་ཀྱི་སློབ་སྟོན་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཀྱི་སློབ་སྟོན་པ་ཇེ་ཨེམ་མུ་ཁེ་ (J.M.Mukhi) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་རྗེས། སྤྱི་འཐུས་ཚང་མ་སྐུ་བཞེངས་ཐོག་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས་གནང་བ་དང་།
སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་གིས་“མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༠ པས་རྩིས་ལོ་ ༢༠༡༦་་་༡༧ གཙོས་རྩིས་སྙན་ཁག་ལ་ཞིབ་འཇུག་ཞུས་པའི་གྲུབ་དོན་སྙན་ཐོ་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་ཡིག་ཆ་ཨང་ ༤༦ པ་སྙན་སྒྲོན་ཟིན་པ་ནང་གསལ་མུ་མཐུད་མཇུག་སྐྱོང་རྩིས་གཙང་དགོས་རིགས་འཛིན་སྐྱོང་བཀའ་ཤག་གིས་མཇུག་སྐྱོང་ཕྱག་བསྟར་གྱིས་ལན་འདེབས་གསལ་བཤད་བཅས་འཁོད་པའི་སྙན་ཐོ་ཕྱི་ལོ་ ༢༠༢༡ ཟླ་ ༩ པའི་ཟླ་མཇུག་ནང་ཚུད་སྤྱི་འཐུས་རྒྱུན་ལས་སུ་འབུལ་དགོས་རྒྱུ།” སོགས་ཀྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་གནང་བར།
སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག་གིས་རྒྱབ་སྐྱོར་གནང་སྟེ་སྤྱི་མོས་ཀྱིས་གཏན་འབེབས་གནང་རྗེས།
དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་སྐབས་ ༡༤ དང་། ༡༥ ཡི་སྐབས་བཅའ་ཁྲིམས་ཨིན་ཡིག་ཐོག་བསྒྱུར་གནང་བ་དང་། དེ་བཞིན་སྤྱི་འཐུས་སྐབས་ ༡༦ པའི་སྐབས་བར་ལམ་ ༢༠༢༠ ནས་འབྲེལ་ཡོད་ལས་བྱེད་ནས་རྒྱ་གར་གྱི་རྩ་ཁྲིམས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཐ་སྙད་ཁག་ལ་གཟིགས་ཏེ། སྤྱི་འཐུས་རྒྱུན་ལས་ལ་སྙན་སེང་བཀའ་བསྡུར་གནང་བཞིན་ཡོད་པ་གསུངས་གནང་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཨིན་ཡིག་ནང་བསྒྱུར་བ་དེ་བཞིན་གྲོས་ཚོགས་ཀྱི་གསོལ་ཅོག་སྟེང་འཇོག་གནང་ཡོད།
དེ་ནས་ལས་རིམ་ལྟར། ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་ནས་དགོངས་ཤོག་ཁག་སྙན་སྒྲོན་ཞུས་གནང་གྲུབ་མཚམས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་ཚོགས་དུས་ ༡༠ པའི་མཇུག་བསྡོམས་གསུང་བཤད་གནང་རྗེས། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་གྲོལ་བའི་གསལ་བསྒྲགས་གནང་སྟེ། ཚོགས་འདུ་མཇུག་སྒྲིལ་གནང་ཡོད་པ་བཅས། །