སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་བ།

 

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ཉིན་བོད་མིིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཚོགས་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱིས་གསལ་བསྒྲགས་དང་འབྲེལ། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སོང་།

དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་དགུ་པ་དང་། བཅུ་དྲུག་གཞིར་བཟུང་། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་གྲུབ་མཚམས། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་འབྲི་རུ་རྫོང་ཤག་ཆུ་ཁ་ཟེར་བའི་གྲོང་བརྡལ་དུ་རང་ལུས་མེར་བསྲེགས་གནང་མཁན་ཤུར་མོ་ལགས་དང་། རྒྱ་གར་གྱི་སྤྱི་ཚོགས་ལས་འགུལ་བ་དང་། ཧར་ཡ་ན་མངའ་སྡེའི་བློན་ཆེན་ཟུར་པ། ཨརྱ་སཱ་མཱ་ཇ་ཚོགས་པའི་དབུ་འཁྲིད་སོ་ཝ་མི་ཨགྷ་ནི་ཝེ་ཤི་ (Swami Agnivesh) མཆོག་དམ་པ་རྣམ་གཉིས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་བ་དང་།

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་ཟུར་པ་གྲོང་རེ་ཚང་བློ་བཟང་མཁས་གྲུབ་མཆོག་དམ་པ་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དབུ་འཁྲིད་རྒན་གྲས་བོད་དོན་རྒྱབ་སྐྱོར་བ་སློབ་དཔོན་ར་གྷུ་ཝན་ཤི་པརཱ་སདྷ་སིངྒ་ (Dr.Raghuvansh Prasad Singh) མཆོག་དམ་པ་རྣམ་གཉིས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།

སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐད་བསྐོས་སྤྱི་ཟུར་ལི་ཐང་རྨ་ལུ་ཚང་རྟ་མགྲིན་དབང་རྒྱལ་མཆོག་དམ་པ་དང་། བོད་དོན་རྒྱབ་སྐྱོར་བ་རྒན་གྲས་དང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ། རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་གཉིས་པ་པདྨ་ཝི་བྷུ་ཤན་ (Padma Vibhushan) བཞེས་མྱོང་མཁན་ལྕམ་སྐུ་ཀ་པི་ལ་ཝ་ཏི་སེ་ཡ་ཡན་ (Kapila Vatsyayan) མཆོག་དམ་པ་རྣམ་པ་གཉིས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་ཕུན་ཚོགས་རྣམ་རྒྱལ་མཆོག་དམ་པ་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཇ་སི་ཝནྟ་སིངྒ་ (Shri.Jaswant Singh) མཆོག་དམ་པ་རྣམ་གཉིས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།

སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་གིས་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། ཨ་རིའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་སྐུ་ཞབས་ཇོན་རོ་བྷར་ཊ་ལེ་ཝི་སི་ (John Robert Lewis) མཆོག་དམ་པ་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་རམ་ཝི་ལ་ས་པས་ས་ཝན་ (Shri.Ram Vilas Paswan) མཆོག་དམ་པ་གཉིས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།

སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་དང་མང་གཙོའི་ཡབ་ཆེན། བོད་དོན་ཐོག་ཁ་ཞེ་གཉིས་མེད་སྒོ་ནས་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ལེ་ཏིང་ཧུའི་ (Lee Teng-hui) མཆོག་དམ་པ་དང་། རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང་། རྒྱ་གར་གཞུང་ཞབས་ཟུར་པ། དེ་བཞིན་རྒྱ་གར་བྱང་ཤར་ན་ག་ལན་ཌི་མངའ་སྡེའི་ཁོར་ཡུག་བློན་ཆེན་སྐུ་ཞབས་སི་ཨེམ་ཅཱང་ (CM Chang) མཆོག་དམ་པ་རྣམ་གཉིས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།

སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་སྤྱི་ཟུར་ཁེ་ཚ་ཨོ་དགའ་མཆོག་དམ་པ་དང་། རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཏ་རུན་གྷོ་ག་ཡེ་ (Tarun Gogoi) མཆོག་དམ་པ་རྣམ་གཉིས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།

སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་ཟུར་པ་དང་། རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཱཏ་ན་ (Bharat Ratna) བཞེས་མྱོང་མཁན་སྐུ་ཞབས་པར་ནབ་མུ་ཁར་ཇི་ (Shri.Pranab Mukherjee) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་སྤྱི་ཟུར་སྔགས་རམས་པ་བིས་མདོ་ཐུབ་བསྟན་འོད་ཟེར་མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཅས་བཏོན་གནང་རྗེས། སྤྱི་འཐུས་ཚང་མ་སྐུ་བཞེངས་ཐོག་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས་གནང་།

ད་རེས་ཀྱི་གྲོས་ཚོགས་ནང་གཞུང་འབྲེལ་མྱ་ངན་གུས་འདུད་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁྱོན་ ༡༦ ཡོད་ཅིང་། དེའི་ནང་བོད་རྒྱལ་ཁབ་ཆེད་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༡ དང་། སྤྱི་ཟུར་ ༣། ཚོགས་དྲུང་ཟུར་པ་ ༡། རྒྱ་གར་གཙོས་པའི་ཕྱིའི་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་བ་ཆབ་སྲིད་གནད་ཡོད་མི་སྣ་ ༡༡ བཅས་ཡོད།

དེ་ནས་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག་གིས་བོད་ནང་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་གནང་བར། སྤྱི་ཐུས་བསྟན་པ་ཡར་འཕེལ་མཆོག་གིས་རྒྱབ་སྐྱོར་གནང་རྗེས། སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་འགོ་འཛུགས་སོང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ནང་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་ཏེ་ད་བར་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་གཏོར་བཤིག་དང་། ཉེས་མེད་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་ཡོད་པ་སོགས་དང་། ལྷག་པར་དུ་བོད་ནང་རྒྱ་ནག་གཞུང་གིས་མི་སེར་སྤེལ་བའི་སྲིད་བྱུས་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས། སྐད་གཉིས་སློབ་གསོ་ཟེར་བའི་སྲིད་བྱུས་སོགས་སྤེལ་ནས་རྒྱ་རིགས་མང་པོ་བོད་སར་གནས་སྤོས་ཀྱིས་བོད་མི་རྣམས་རང་ས་རང་ཡུལ་ནས་གྲངས་ཉུང་མི་རིགས་ཆགས་བཞིན་ཡོད་པ་དང་།  དགོན་སྡེ་ཁག་གི་གྲྭ་བཙུན་ལ་ཚད་བཀག་དང་། ཆོས་བྱེད་གྲྭ་བཙུན་ཕྱིར་འབུད། བླ་སྤྲུལ་གྱི་ཡང་སྲིད་བརྩད་འཚོལ་གྱི་སྒྲིག་གཞི་གཏན་འབེབས། གཞི་རིམ་སློབ་ཆུང་ནས་བཟུང་བོད་སྐད་ཡིག་གི་ཚབ་ཏུ་རྒྱ་ཡིག་རྒྱ་སྐད་སློབ་ཁྲིད་བྱེད་བཅུག་གི་ཡོད་པ། དེ་བཞིན་དཔལ་འབྱོར་ཡར་རྒྱས་ལ་ཁ་གཡར་ནས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཚད་ལས་བརྒལ་བའི་གཏོར་སྐྱོན། ནག་སེལ་གཤེད་བཅོམ་དང་། ངན་སེལ་ནག་འཇོམས་ཟེར་བ་སོགས་ཀྱི་ལས་འགུལ་སྤེལ་ཏེ་བོད་མི་རྣམས་ཉེས་མེད་ཉེས་འགེལ་གྱིས་འཛིན་བཟུང་། བཙོན་ཁང་ནང་བོད་མི་རྣམས་ལ་ཚད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པ་སོགས་འཁོད་འདུག་པ་དང་། གཞན་ཡང་ཨ་རིའི་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་སླད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་ཁྱབ་ལས་ཁུངས་ནང་གཞུང་འབྲེལ་ཐོག་མགྲོན་འབོད་ཐེངས་དང་པོ་གནང་སྟེ་བོད་མིའི་སྒྲིག་འཛུགས་དང་ཨ་རིའི་དབར་གྱི་འབྲེལ་ལམ་ལོ་རྒྱུས་རང་བཞིན་ལྡན་པའི་ཡར་རྒྱས་བྱུང་ཡོད་པ། ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ད་ཆ་ཨ་རིའི་གཞུང་གི་གཞུང་འབྲེལ་སྲིད་བྱུས་ཆགས་པ་དེས། བོད་མི་ཡོངས་ལ་རེ་བ་གསར་པ་ཞིག་བསྐྲུན་ཡོད་པ་སོགས་འཁོད་འདུག

གྲོས་ཆོད་ནང་བོད་རྒྱལ་ཁབ་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་ཡི་རངས་དང་། དེ་བཞིན་གདུང་སེམས་མཉམ་སྐྱེད་ཀྱི་ཐུགས་གསོ་དང་། རང་ལུས་མེར་བསྲེགས་གནང་མཁན་རྣམ་པའི་གདུང་འབོད་དང་ཞལ་ཆེམས། མངོན་འདོད་བཅས་རྒྱ་གཞུང་ནས་འགན་ཁུར་བདག་སྤྲོད་ངེས་པར་དུ་གནང་དགོས་པ། བོད་རྒྱའི་འབྲེལ་མོལ་མྱུར་དུ་འགོ་འཛུགས་གནང་ཐབས་དགོས་པ། བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་རྣམས་འཕྲལ་དུ་འཚམས་འཇོག་དགོས་པ། ཕྱི་ལོ་ ༢༠༡༨ ལོའི་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་དང་། ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་རྣམས་རྒྱ་ནག་གཞུང་ནས་ངེས་པར་དུ་སྲུང་བརྩི་བྱེད་དགོས་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་ནས་རང་དབང་ཅན་གྱི་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་བོད་ནང་ཆེད་གཏོང་གནང་ནས་བོད་ནང་གི་ཛ་དྲག་གནས་སྟངས་ལ་རྟོག་ཞིབ་ཀྱིས། རྒྱ་གཞུང་གི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བཙོན་པ་རྣམས་དང་། ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་པའི་བོད་མི་འབུམ་ལྔ་ལྷག་ཡོད་པ་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས་པ་བཅས་དོན་ཚན་དྲུག་འཁོད་འདུག

དེ་རིང་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་གྲོས་ཆོད་གྲོས་འཆར་བགྲོ་གླེང་ཐོག་སྤྱི་འཐུས་ ༨ ཀྱིས་ཆ་ཤས་བླངས་ཡོད་ཅིང་། གཙོ་བོ་ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབས་གནང་བར་ཨ་རིའི་གཞུང་དང་། འབྲེལ་ཡོད་སྐུ་ལས་བསྐྱོན་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཡིས་བོད་ནང་གཙོས་པའི་འཛམ་གླིང་ཁྱོན་ཡོངས་ལ་མི་རྒྱུ་གཉིས་ཀྱི་དཀའ་ངལ་ཆེན་པོ་བཟོས་ཡོད་སྟབས་དེར་རྒྱ་ནག་གཞུང་ནས་འགན་ཁྱེར་དགོས་པ། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ནང་དགུན་ཁའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་འཚོགས་གཏན་འཁེལ་བར་སོང་བོད་མིའི་སྒྲིག་འཛུགས་སོགས་ནས་ལས་འགུལ་རྒྱ་ཆེ་སྤེལ་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་གནང་སོང་།

ཉིན་རྒྱབ་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༡་་༢༢ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་ཞིང་། གསུང་བཤད་ནང་གཙོ་བོ་བཀའ་ཤག་སྐབས་བཅུ་བཞི་པ་དང་བཅོ་ལྔ་པས་ཐོག་མ་རྩིས་བཞེས་སྐབས་དང་། ད་ལྟ་འགྲོ་བཞིན་པའི་རྩིས་ལོའི་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣༡ བར་གྱི་སྔོན་རྩིས་མ་དངུལ་དང་། གཏན་འཇགས་མ་དངུལ། ཟུར་བཀོལ་བཅས་ཀྱི་འཕར་འབབ་གནས་སྟངས་དང་། དེ་བཞིན་རྩིས་ལོ་ ༢༠༢༡་་༢༢ ལོའི་ལས་ཁུངས་མ་ལག་དང་བཅས་པའི་འགྲོ་གྲོན་ཚོད་དཔག་ཕྱོགས་བསྡོམས་རྒྱབ་གཉེར་སྒོར་ས་ཡ་ ༢༦༩༩་༠༡ བྱས་པ་ནས་ཁྲིམས་བཟོ་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༦༢་༢༡ དང་། ཆབ་སྲིད་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༦༣༧་༧༨ འཛིན་སྐྱོང་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༥༩༡་༠༢ ཤེས་ཡོན་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༦༠༢་༣༣ འཕྲོད་བསྟེན་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༢༣༥།༤༡ ཆོས་རིག་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༦༠་༥༧ སྤྱི་ཚོགས་དང་འབྲེལ་བའི་འགྲོ་གྲོན་སྒོར་ས་ཡ་ ༥༠༦་༩༩ བཅས་རྒྱབ་གཉེར་ཞུས་གནང་སྐོར་གསུངས་པ་དང་། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དགོས་དངུལ་ཡོང་ཁུངས་གཙོ་བོ་མང་ཚོགས་ཀྱི་དང་བླངས་དཔྱ་དངུལ་འབུལ་འབབ་དང་འབུལ་འབབ་གཞན། ལས་ཁུངས་སོ་སོའི་མ་དངུལ་དང་དེའི་སྐྱེད་འབབ་ལས་གཞན་ཡོང་དམིགས་ཕུགས་གཏན་འཁེལ་བ་མེད་པས། ཚང་མས་འགྲོ་གྲོན་གཏོང་ཕྱོགས་ཐད་དགོངས་བཞེས་ཡོང་བའི་ཞབས་སྐུལ་ནན་པོ་གནང་སོང་བ་དང་། རྒྱ་གར་གཞུང་མང་གིས་གཙོས་རྒྱལ་སྤྱིའི་ཁྱོན་གྱི་སྒྲིག་འཛུགས་དང་། ཚོགས་པ། མི་སྒེར་བཅས་ནས་བཙན་བྱོལ་བོད་མི་ཚོར་ད་བར་རོགས་སྐྱོར་མུ་མཐུད་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་གསུངས་གནང་སོང་།

དེ་རྗེས། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྩིས་ལོ་ ༢༠༢༡་་༢༢ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་དོན་ཚན་དྲུག་ཡོད་པ་ཞིག་སྙན་སྒྲོན་གནང་ཡོད་ཅིང་། སྙན་ཐོའི་ནང་ཚོགས་ཆུང་ནས་ཕྱི་ཟླ་ ༢ ཚེས་ ༡༥ ནས་བཟུང་ཕྱི་ཟླ་ ༣ ཚེས་ ༨ བར་ཉིན་གྲངས་ ༡༣ ཙམ་གྱི་རིང་ཁྱོན་ཡིག་སྣོད་གྲངས་ ༣༡ དང་། རྩིས་ལོ་ ༢༠༢༠་་༢༡ ལོའི་སྔོན་རྩིས་ཆ་ཚང་དང་བར་བརྒལ། ཁ་བསྒྱུར་བཅས་ཀྱི་ཡིག་ཆ་ཁག་བཅས་ལ་རེ་རེ་བཞིན་གཟིགས་ཞིབ་ཞུས་པའི་སྐོར་དང་། ཚོད་དཔག་ཚོགས་ཆུང་གི་ལས་དོན་བྱས་པའི་བརྒྱུད་རིམ་ཁྲོད་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་དང་། དཔལ་འབྱོར་སྔོན་རྩིས་སྡེ་ཚན་གྱི་འགན་འཛིན་དང་ལས་རོགས། ལས་ཁུངས་ཁག་གི་དྲུང་ཆེ་དང་། འགན་འཛིན། རྩིས་པ་སོགས་ཆེད་འབོད་ཀྱིས་དོགས་འདྲི་དང་། གསལ་བཤད་དགོས་རིགས་གནང་ཡོད་པ། ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་དང་འབྲེལ་བའི་ཐོག་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་དང་། དཔལ་འབྱོར་སྔོན་རྩིས་སྡེ་ཚན་འགན་འཛིན་རྣམ་གཉིས་ལ་དོན་ཚན་ ༡༣ ཐོག་འདྲི་བརྩད་གནང་བའི་སྐོར་སོགས་འཁོད་འདུག དེ་རྗེས་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོར་སྤྱི་ཡོངས་ཀྱི་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། དེ་རིང་གི་གྲོས་ཚོགས་གྲོལ་གནང་ཡོད་པ་བཅས། །