སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་མཇུག་བསྒྲིལ་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་མཐའ་མ་ཚོགས་གནང་ཡོད།

དེ་ཡང་ཐོག་མར་ཁྲིམས་བཟོའི་ལས་དོན་གྱི་བརྗོད་པ་དང་པོའི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། དོན་ཚན་བཅུ་གཉིས་པའི་ཐོག་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་རྒྱབ་སྐྱོར་གནང་རྗེས། བརྗོད་པ་དང་པོའི་སྐབས་འཆར་ཟིན་གྱི་ཚིག་དོན་ལ་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་དགོས་རིགས་གནང་སྟེ་བརྗོད་པ་དང་པོ་ཟིན་པ་དང་། བརྗོད་པ་གཉིས་པའི་ཐོག་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་གནང་སྟེ་གཏན་འབེབས་གནང་བ་དང་།

རིམ་བཞིན་བརྗོད་པ་གཉིས་པའི་ཐོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། དོན་ཚན་ཉེར་བཞི་པའི་ནང་གསེས་ ༨།  དོན་ཚན་ཉེར་ལྔ་པའི་ནང་གསེས་ ༧། དོན་ཚན་དོན་བདུན་པའི་ནང་གསེས་ ༡༡ བཅས་སྤྱི་མོས་ཀྱིས་གཏན་འབེབས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་རེ་དྲུག་པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

དེ་རྗེས་ལས་རིམ་སྔོན་མའི་སྐབས་བཀའ་ཤག་གི་གསལ་བཤད་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། དྲི་བ་བཏང་གནང་བ་ཁག་ལ། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལན་འདེབས་གསལ་བཤད་གནང་བ་དང་།

སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག་གིས་བཀའ་ཤག་གིས་གསལ་བཤད་གནང་བའི་དོན་གནད་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱིས་བློ་ངེས་བྱུང་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་གནང་བར།

སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་རྒྱབ་སྐྱོར་གནང་ཡོད།

དེ་རིང་གི་ཚོགས་ཐུན་གཉིས་པའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོ་སྐྱོང་གནང་ཐོག

མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོོ་བློ་བཟང་ཕན་བདེ་མཆོག་དང་།

ཚོགས་མི་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་གིས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་སྙན་ཐོ་སྙན་སྒྲོན་དང་།

ཉིན་རྒྱབ་དཔལ་ལྡན་ཚོགས་གཙོ་མཆོག་དབུ་ཞུགས་ཐོག་མུ་མཐུད་ཚོགས་མི་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་སྙན་ཐོ་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་གིས་གོང་གསལ་སྙན་ཐོ་སྙན་སྒྲོན་ཟིན་པར་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་རྒྱབ་སྐྱོར་གནང་སྟེ་སྤྱི་འཐུས་རྣམ་པས་དེའི་ཐོག་བགྲོ་གླེང་གནང་སོང་།

དེ་རྗེས་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་ “མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པས་རྩིས་ལོ་ ༢༠༡༥་་་༡༦ གཙོས་རྩིས་སྙན་ཁག་ལ་ཞིབ་འཇུག་ཞུས་པའི་གྲུབ་དོན་སྙན་ཐོ་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་ཡིག་ཆ་ཨང་ ༢༦ པ་སྙན་སྒྲོན་ཟིན་པ་ནང་གསལ་མུ་མཐུད་མཇུག་སྐྱོང་རྩིས་གཙང་དགོས་རིགས་འཛིན་སྐྱོང་བཀའ་ཤག་གིས་མཇུག་སྐྱོང་ཕྱག་བསྟར་གྱིས་ལན་འདེབས་གསལ་བཤད་བཅས་འཁོད་པའི་སྙན་ཐོ་ཕྱི་ལོ་ ༢༠༡༩ ཟླ་ ༩ པའི་ཟླ་མཇུག་ནང་ཚུད་སྤྱི་འཐུས་རྒྱུན་ལས་སུ་འབུལ་དགོས་རྒྱུ།” སོགས་ཀྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་གིས་རྒྱབ་སྐྱོར་གནང་སྟེ་སྤྱི་མོས་ཀྱིས་གཏན་འབེབས་གནང་རྗེས།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། དོན་ཚན་ཉེར་བཞི་པའི་ནང་གསེས་ ༧། པར་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་གིས་བཟོ་བཅོས་ཁྲིམས་འཆར་བཏོན་གནང་བར།

སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་མཆོག་གིས་རྒྱབ་སྐྱོར་དང་། བཟོ་བཅོས་ཁྲིམས་འཆར་དེ་ཚུད་མེད་སྟབས། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། དོན་ཚན་ཉེར་བཞི་པའི་ནང་གསེས། ༧ པའི་ (ཀ) པར་ངོ་ཡོད་སྤྱི་འཐུས་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་གནང་སྟེ་གཏན་འབེབས་དང་། ནང་གསེས། ༧ པའི་ (ཁ) པ་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

དེ་རིང་གི་ཚོགས་ཐུན་བཞི་པའི་སྐབས། གོང་གསལ་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་ལ་བརྗོད་པ་གསུམ་པའི་ཐོག་ནས་གཏན་འབེབས་གནང་རྗེས། དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༨་་་༡༩ ལོའི་བསྐྱར་བཅོས་གཏོང་ལེན་ཁྲིམས་ཡིག་དང་། དེ་བཞིན་རྩིས་ལོ་ ༢༠༡༩་་་༢༠ ལོའི་གཏོང་ལེན་ཁྲིམས་ཡིག་ཁག་སྙན་སྒྲོན་གནང་བ་དང་། དེར་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་རྒྱབ་སྐྱོར་གནང་རྗེས་སྤྱི་མོས་ཐོག་གཏན་འབེབས་གནང་གྲུབ་མཚམས།

ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་ཚེ་བརྟན་སྐལ་བཟང་ལགས་ཀྱིས་དགོངས་ཤོག་ཁག་སྙན་སྒྲོན་ཞུས་གནང་སོང་།

དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་ཚོགས་དུས་ ༧ པའི་མཇུག་བསྡོམས་གསུང་བཤད་གནང་རྗེས། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པ་གྲོལ་བའི་གསལ་བསྒྲགས་གནང་སྟེ་ཉིན་བཅུའི་རིང་གི་གྲོས་ཚོགས་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་ཡོད་པ་བཅས། །